ང་འགྲོ་དུས། ཁོང་ཚོས་འདི་ལྟར་གསུངས།

གངས་དབང་།        2015-01-22

ང་འགྲོ་དུས།  ཁོང་ཚོས་འདི་ལྟར་གསུངས།

ཕ་ཡུལ་གྱི་ཞིང་སར་སེར་ཐིག་ཕོག་ཅིང་མཁའ་དབུགས་ལ་འབྲུ་དྲུག་གི་དྲི་ཞིམ་འཐུལ་བའི་སྟོན་དུས་ཤིག་ལ་ཁོ་བོས་ཡུལ་མི་རྣམས་ཀྱི་རེ་འདོད་སེམས་ཀྱི་རིས་སུ་བཀོད་ཅིང་བློས་ཐུབ་གྲོགས་པོ་རྣམས་ཀྱི་ཤིས་སྨོན་གྱི་ཁ་བཏགས་དཀར་པོ་སྐེ་ལ་བཏགས། ཡབ་ཡུམ་རྣམ་གཉིས་ཀྱི་ཞལ་ཏའི་བདུད་རྩི་འཐུང་བཞིན་སྐྱ་རེངས་ལྷ་མོའི་འཛུམ་བག་ཁྲོད་དུ་ཐག་རིང་དུ་བསྲིངས་པའི་རྐང་ལམ་ཕྲ་མོ་དེ་རྡོག་པས་འཇལ་འགོ་ཚུགས།    
ཉིན་དེའི་ཞོགས་པར་མ་གཞིར་དབེན་འཇགས་སུ་ལུས་པའི་རི་ལུང་འདུ་འཛིས་ཁེངས་སོང་། སེམས་ཀྱིས་བུ་རྒྱུད་འཚོ་ཞིང་ལུས་ཀྱིས་ཁྱིམ་གཞིས་སྐྱོང་བའི་བྱམས་སྙིང་རྗེའི་རང་གཟུགས་ཡབ་ཡུམ་རྣམ་གཉིས་ཀྱི་སྤྱན་མཐར་མཆི་མ་འཁོར་བཞིན་བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད་ཅེས་པའི་དཔེ་ལྟར་རྒྱུས་མེད་མི་ཡུལ་པང་དུ་བླངས་མཐར་སྤྱོད་པ་མི་དང་བསྟུན་ཏེ་སྙིང་རུས་ལྡན་པ་ཞིག་གྱིས། དུས་ནམ་ཡང་སྐྱེ་ཡུལ་ལུང་ཁུག་འདི་དང་སྐྱིད་སྡུག་གཅིག་པའི་ཡུལ་མི་རྣམས་ཡིད་ནས་མ་བརྗེད། ཡུལ་གང་དུའང་ཡབ་མེས་རྣམས་ཀྱིས་སྙིང་ནས་འབོད་ཅིང་ཁྲག་ནས་བཞུར་བའི་རེ་འདོད་བཏང་སྙོམས་སུ་མ་འཇོག་པར་རང་སེམས་རང་གིས་བདག་གཉེར་བྱས་ཏེ་ཡ་རབས་རྣམ་དཀར་གྱི་ལས་ལ་འབད་པ་བྱ་དགོས་ཞེས་གསུངས་མྱོང་།      དེ་ནི་བདེན་ནོ་ལགས་སོ་ཡབ་ཡུམ་ལགས།རྙེད་པར་དཀར་པའི་མི་ལུས་འདི་རིན་པོ་ཆེ་ཞིག་ཏུ་འཁུམས་མིན་ནི་མི་ཚེ་ལ་རིན་ཐང་ཡོད་མེད་ལ་རག་ལས་པས་ཁྱེད་གཉིས་ཀྱི་འཚོ་བའི་བདེ་སྡུག་བཀྲ་བའི་དབུ་ཐོད་ཀྱི་གཉེར་རིས་དང་།ལམ་སྟོན་གྱི་སྒྲོན་མེ་འབར་བའི་སྤྱན་ཟུང་གི་འོད་ཀོར་ལ་བརྟེན་ནས་ངས་དབུལ་ཡང་དབུལ་ལ་ཕྱུག་ཀྱང་ཕྱུག་པའི་ཡུལ་མི་དག་གི་མགྲིན་ཚབ་ཏུ་གངས་རི་ནས་མཆེད་ལ་སྤང་རི་ན་སྨིན་ཞིང་།ནགས་རི་ལ་ཁྱབ་པའི་གྲེ་འགྱུར་དབྱངས་རྟར་བཀུག་ཅིང་།རང་ལུས་འདོམ་གང་ལས་འོད་མདངས་མཐོ་གང་ཙམ་རང་ཡུལ་གྱི་རི་རྩེ་དང་ཆུ་ངོགས་སུ་འཕྲོ་བར་བྱ་རྒྱུ་ཡིན།
དབུ་སྐྲ་དུང་ལྟར་དཀར་ཞིང་སྐུ་གཟུགས་གཞུ་བཞིན་གུག་པའི་རྒས་འཁོགས་དག་གིས་ལག་གཡས་འཁར་བར་བརྟེན།ལག་གཡོན་གྱིས་མ་ཎིའི་ཕྲེང་རྡོག་བགྲང་བཞིན་ན་རེ།ཕ་བཟང་གི་བུ་རྒྱུད་ཅེས་པ་འདི་ལྟར་དགོས།བྱ་རྒོད་པོའི་གཤོག་རྩལ་སྦྱོང་ས་ཨ་སྔོན་དགུང་དང་།  བུ་དཔའ་བོའི་རིག་རྩལ་བརྡར་ས་ཕྱིའི་རྒྱལ་ཁམས་ཡིན། རེད་དེ། ཁྲ་ཁྲ་རིག་རིག་གི་ཕྱི་རོལ་འཇིག་རྟེན་གྱི་ལྟད་མོ་མཐོང་རྗེས་ལྟེ་ཁྲག་འཕོ་ཡུལ་གྱི་ལུང་ཁུག་འདིར་ཞེ་མ་ལོག་ཨང་།  མི་རབས་ནས་མི་རབས་བརྒྱུད་དེ་ལུང་པ་འདི་ནས་སྐྱེས་ཤིང་རྒས་པའི་ལས་དབང་ལ་འགོ་བརྗོད་གསར་པ་ཞིག་དང་།རྟེན་འབྲེལ་དགུ་འགྲིག་གི་ཆེད་དུ་ན་མཉམ་ཚོ་ལ་མིག་དཔེ་ཞིག་གྱིས་དང་།ང་ཚོ་རྒན་རབས་རྣམས་ཀྱིས་རི་མགོ་ནས་རླུང་རྟ་གསོ་ཞིང་།རི་འདབས་ནས་གསོལ་བ་འདེབས་ཆོག་ཅེས་གསུང་དུས་སེམས་ངོས་སུ་མདུན་ཕྱོགས་ཀྱི་ལམ་བུ་དེ་རྒྱ་ཇེ་ཆེར་གྱུར་ཞིང་།དེའི་ཐོག་ཏུ་ན་གཞོན་ཞིག་གིས་ཁྲེས་པོ་ལྗིད་མོ་ཞིག་ཕྲག་ཐོག་ཏུ་བཞེས་ཏེ་འགྲོ་བསྐྱོད་མཛད་པའི་སྣང་བརྙན་ཤར།
ན་གཞོན་གྲོགས་པོ་རྣམས་ཀྱིས་ཁ་བཏགས་དཀར་པོ་བསྣམས་ཤིང་མཆོད་ཆང་བདུད་རྩི་བཏེགས་ནས་མགྲིན་གཅིག་ཏུ།རི་མཐོནཔོའི་འགོ་ལ་ཤིང་ཞིག་སྐྱེས།།ཤིང་ཐང་ཤིང་འགོ་ལ་བྱ་ཞིག་བབས།།བྱ་རྒོད་ཕྲུག་གཤོག་རྩལ་མཁའ་ལ་སྦྱོང་། །སྒྲོ་གཤོག་དྲུག་རྒྱས་དུས་ཚུར་ལ་འཁོར།།ཞེས་དུངས་ཞེན་གྱི་དབྱངས་རྟ་མཐོ་ལ་རེ་སྒུག་གི་ཡིག་འབྲུ་གསལ་བའི་གླུ་ཡིས་ཕ་ཡུལ་གྱི་རི་ཆུ་སྒུལ་ཞིང་སྤྲིན་རུམ་བརྟོལ་ནས་ཆུ་ཆེན་པོའི་འགྲམ་དང་ལམ་ཕྲ་མོའི་ཟུར་ལ་ཁྱབ།དུས་དེ་ནས་བཟུང་།ཆུང་དུས་སུ་འཇིམ་བག་གིས་ཕུགས་བསམ་གྱི་འཇིག་རྟེན་བསྐྲུན་ནས་ཡིད་སེམས་ཚིམ་པའི་དགོད་སྒྲ་དང་།འཁྱག་ལྟོགས་ཀྱི་སྡུག་བསྔལ་སེལ་བའི་གཡང་དཀར་ལུ་གུ་འཚོ་བའི་རྫི་གླུ།ཁ་སྒོ་ལ་སྣུམ་རྩི་བྱུགས་པའི་ཀ་ཁ་དབྱངས་སུ་གྱེར་བའི་ཀློག་སྒྲ་སོགས་ནམ་ཡང་རྗེས་དྲན་གྱི་གསོས་སུ་གྱུར་པས།རྐང་བརྐྱང་ལག་རིང་གིས་བསྡད་མ་ཕོད་པར་རི་མཐོན་པོ་ཡི་ཁ་བ་མི་ཞུ་བའི་གཏན་ཚིགས་དང་ཆུ་ཆེན་པོ་ལ་དར་མི་ཆགས་པའི་གནས་ལུགས་འཚོལ་སྙེག་བྱས།
ལོ་ན་ཆུང་བའི་བྱིས་པ་རྣམས་ཀྱིས་ཁོ་བོའི་ལག་པར་འཇུས་ཏེ་གཅེན་པོ་ལགས།ཁྱེད་སླར་ཡང་ཕ་ཡུལ་ཏུ་ལོག་དུས་ང་ཚོ་ལ་མུ་མཐུད་དུ་གེ་སར་རྒྱལ་པོའི་སྒྲུང་དང་ཨ་ཁུ་བསྟན་པའི་གཏམ་རྒྱུད།མི་རོ་རྩེ་སྒྲུང་སོགས་བཤད་ན་ཆོག་གམ་ཞེས་ནན་གྱིས་ཞུ་དུས་རང་ཉིད་ཀྱིས་མ་ཡིན་ཡིན་མདོག་་གིས་བྱིས་པ་རྣམས་ལ་བཤད་པའི་གནའ་སྒྲུང་དེ་འཆད་འཕྲོར་ལུས་ཡོད་ཅིང་།མ་ཤེས་ཤེས་མདོག་གིས་བརྗོད་པའི་ད་གཏམ་དེའང་དུམ་བུར་ཆད་ཡོད་པས་རོ་དྲུག་ལྷན་དུ་བསྲེས་པ་ལྟ་བུའི་འགྱོད་ནོངས་ཀྱི་ཚོར་བ་ཞིག་སྐྱེས་ཀྱང་།   ཏག་ཏག་འགྱོད་ནོངས་དེ་ནི་ཁོ་བོ་སླར་ཡང་ཕ་ཡུལ་དུ་ལོག་པའི་རྒྱུ་མཚན་ཡིན་ན།ངས་མུ་མཐུད་དུ་སྒྲུང་དེ་དག་གི་མཇུག་མཐུད་དགོས་པ་མ་ཚད།ནམ་མཁའ་ནི་འདབ་ཆགས་ཁོ་ནའི་འཕུར་ལམ་མིན་ལ་རྒྱ་མཚོ་ནི་ཉ་རིགས་རྐྱང་པའི་འཇུག་ཡུལ་མིན་པའི་གནས་ལུགས་འཆད་དགོས་ལ།ཨ་ཁུ་ཚོའི་གྱང་སྒྲོ་བ་གང་དང་ཨ་ནེ་ཚོའི་ཁེ་ཁུག་མ་དོའང་ཁོང་ཚོའི་དྲུང་དུ་དབྱུང་དགོས་པ་མིན་ནམ། །

ང་འགྲོ་དུས།  ཁོང་ཚོས་འདི་ལྟར་གསུངས།

  • ལེ་ཚན་སྔོན་མ།:ཤིང་སྡོང་དང་འཕྲོས་གཏམ།
  • ལེ་ཚན་རྗེས་མ།:ཁམས་པའི་ཕོ་སར།