ཁམས་པའི་ཕོ་སར།

གངས་དབང་གིས།        2015-03-05

  བཙན་པོ་རིམ་བྱོན་གྱི་དུས་སུ་མཐའ་འདུལ་ཡང་འདུལ་གྱི་གཡུལ་ས་རུ་སེམས་ཀྱི་མཁའ་ལ་དཔའ་མཛངས་དེས་གསུམ་སྦྲུམ་ཞིང་། ལུས་ཀྱི་རྒྱན་དུ་མདའ་གྲི་མདུང་གསུམ་ཐོགས་པས་བཙན་པོའི་སྒལ་ཚིགས་མདའ་ལྟར་དྲང་སྟེ་མགོ་འཕང་བླ་ན་འཕགས། བློན་པོའི་བྱང་ཁོག་མཁའ་ལྟར་ཡངས་ཏེ་གཟི་བྱིན་འོད་དུ་འབར། ཁོ་ལག་རྒྱས་ཤིང་སྤྱང་གྲུང་འཛོམས། གཞུང་རྒྱུད་དྲང་ལ་དཔའ་ངར་ལྡན་ཞེས་འཇིག་རྟེན་མི་རྣམས་ཀྱི་ཞལ་རྒྱུན་དུ་གྲགས། དོན་དངོས་སུའང་ཁྱེད་རང་ཚོ་ནི་རིགས་བཟང་གི་བུ་རྒྱུད་དང་ཤིང་བཟང་གི་ཡལ་ག་ལགས་པས་ཕོ་སར་སར་ཨ་སྔོན་དགུང་ལ་སར། དགུང་ཉི་ཟླའི་འོད་ཀྱང་ཟིལ་གྱིས་མནན།      
    ཁམས་པའི་སྟག་ཤར། ཐོད་པར་མེས་པོའི་གཏམ་རྒྱུད་རིས་སུ་བཀྲ་ཞིང་དཀྱེལ་ཆེ་བའི་བྱང་ཁོག་ཏུ་བརྩེ་ཞེན་དང་བྱང་་སེམས་ཀྱི་མེ་ཏོག་སྡུག་གུར་མཛེས། མགྲིན་པའི་འཁོར་ལོས་འཚོ་བའི་སྐྱིད་སྡུག་གླུ་རུ་བླངས་ཏེ་ཕྱག་ཟུང་གིས་ཁ་དར་དཀར་་པོ་དགུང་ལ་བཏེགས་དུས། མཁར་ལྡིང་རྒོད་པོས་མཁའ་ལམ་གཡར་ཞིང་ཆུ་འཛིན་དཀར་པོས་ཁྲུས་བཤལ་བྱས། རྭ་རྩེ་རྣོ་བའི་གཡག་རྒོད་དང་བང་རྩལ་མྱུར་བའི་རྟ་རྒོད་ཀྱང་ཁྱེད་ཀྱི་དྲུང་དུ་ཞི་ཞིང་དུལ་ལ། ཉམ་ཆུང་བའི་འབའ་འབུ་དང་སྔོ་ལྡེམ་ལྡེམ་གྱི་རྩྭ་ཕྲན་ཡང་ཁྱེད་ཀྱི་ཕྱག་ཡངས་ནས་བག་ལྷོད་ཀྱིས་ཚེ་སྲོག་གི་ཁ་དོག་འཇིག་རྟེན་དུ་ངོམ།

     ཁམས་པའི་ཕོ་སར།

     ཁམས་པའི་ན་གཞོན། རྗེ་སྲོང་བཙན་སྒམ་པོའི་ཡང་ཚ། གླིང་གེ་སར་རྒྱལ་པོའི་བུ་རྒྱུད། ལུས་ཤ་ཤེད་རྒྱས་པ་ཙམ་དང་གཡུ་བྱུ་རུས་བརྒྱན་པ་ཙམ་གྱིས་གསར་གོ་མི་ཆོད་ལ་མི་ཚེའི་འགྲོ་ལམ་འཁྱོལ་དཀའ་བས་སྐྱེས་ཕོ་རབ་ཆེ་ཆེ་ཁོག་པ་ཆེ། །ཁོག་མདའ་ཤོང་མདུང་ཤོང་ངོ་མཚར་ཆེ། །སྐྱེས་ཕོ་རབ་གསོན་གསོན་རུས་པས་གསོན། །ཤ་རུས་པ་འཐོར་ཡང་འགྱོད་པ་མེད། །སྐྱེས་ཕོ་རབ་ཤི་ཤི་གངས་ན་ཤི།  །རྒོད་ཐང་དཀར་གསུམ་གྱིས་ལམ་སྣེ་དྲངས།  །        
    ཁམས་པའི་ཕོ་སར། འབོད་ན་ཟིལ་ཤུགས་ཆེ་ལ་ཉན་ན་དབང་རྩ་འཕར་བའི་མཚན་བྱང་ནི་མཐོ་བ་དང་ལྗིད་པ། རིང་བ་དང་མང་བ་ཙམ་གྱིས་བོས་པ་མ་ཡིན་ཏེ།དུས་རབས་ཀྱི་རྒྱ་སྒོ་ཕྱེ་བའི་བསམ་གཞིག་ཅན་གྱི་ཕོ་སར།  དཀའ་ཁག་དང་བར་ཆད་ལ་མགོ་མི་སྒུར་ལ་གཉའ་མི་ཞུམ་པའི་ཕོ་སར། རྒྱུ་འབྲས་ཀྱི་བསླུ་བ་མེད་པའི་ཆོས་ཉིད་སྙིང་གིས་རུམ་པའི་ཕོ་སར། རང་གཞན་དང་དགྲ་གྲོགས་ཀྱི་ས་མཚམས་མ་ནོར་བའི་དགའ་སྐྱོ་ཆགས་སྡང་གི་ཕོ་སར།
    ཁམས་པའི་ཕོ་རྒོད། བུད་མེད་ཀྱི་ཕྱག་ཟུང་མཉེན་མོས་སེམས་ཀྱི་རྨ་ཁ་གསོ་ཞིང་སྐྱེས་པ་ཡི་ཀི་སྒྲ་བརྗིད་པོས་མགོ་འཕང་བཏེགས་ན། རྒོད་པོ་འདྲ་བའི་བུ་ཡིས་ཕར་འགྲོའི་སྐྱེལ་ཆང་བསྙལ་ཞིང་མེ་ཏོག་འདྲ་བའི་བུ་མོས་ཚུར་་་འོང་གི་བསུ་ཇ་བསྐོལ་ཡོད།  ། 

  • ལེ་ཚན་སྔོན་མ།:ང་འགྲོ་དུས། ཁོང་ཚོས་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:གཤིན་རྗེའི་ལག་ནས་འཕྲོག་པའི་ཚེ་སྲོག