གསར་བྱུང་རིག་གནས་དང་དུ་ལེན་ཐབས།

དཔལ་ལྡན་ལེགས་བཤད།    ༢༠༠༠ལོའི་མི་རིགས་དེབ་གསུམ་པ་ལས་བདམས།    2014-02-19

གསར་བྱུང་རིག་གནས་དང་དུ་ལེན་ཐབས།

ཡངས་བའི་རྒྱལ་ཁམས་ཀུན་ཏུ་རིག་གནས་སྣ་ཚོགས་པའི་ཚང་ཚིང་འཁྲིགས་ཏེ་བློ་ལྡན་སྐྱེ་བོ་ཡོངས་ལ་བསིལ་གྲིབ་ཅི་དགར་ལོངས་སུ་སྤྱོད་དུ་ཡོད་པའི་དུས་ཀྱི་ཆར།  གངས་ཅན་ལྗོངས་འདིར་གསར་བྱུང་རིག་གནས་ཁག་ཇི་ལྟར་དང་དུ་ལེན་པའི་ཐབས་ཀྱི་ཐད་ལ་བསམ་གཞིག་ཅུང་ཟད་མི་བྱེད་ཀ་མེད་དུ་གྱུར། གསར་བྱུང་རིག་གནས་ཞེས་པ་ཅི་ཞིག་ལ་ཟེར་བ་ཡིན་ཞེ་ན། སྔོན་ཆད་རང་ཅག་གི་བོད་མིར་རྒྱུས་ཆུང་ཞིང་རང་རེའི་བོད་ཡིག་ཏུ་མ་བཀོད་ལ་རྒྱལ་ཁབ་བམ་མི་རིགས་གཞན་གྱི་སྐད་ཡིག་ཐོག་ཏུ་ཡོད་པའི་རིག་གནས་ཁག་ལ་ཟེར་བ་ཡིན། དེ་ནི་གཙོ་བོ་དེང་གི་སྤྱི་ཚོགས་སུ་སྲིད་ཀྱི་བྱ་བ་སྤེལ་ཐབས་ལ་མཁོ་བའི་ནང་དོན་རིག་པ་ལས་གཞན་པའི་ཐུན་མོང་རིག་གནས་སྣ་ཚོགས་ཤིག་ཡོད་པ་ལ་གོ་དགོས། འོ་ན་རིག་གནས་དེ་རིགས་རང་ཅག་གིས་དང་དུ་བླངས་ན་དགོས་ཕན་ཅི་ཞིག་མཆིས། མ་བླངས་ན་མི་རུང་ངམ་ཞེ་ན། མི་རིགས་ཤིག་གི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོན་པོ་ལ་སླེབ་དགོས་ཤིང་དེ་ཕྱི་ཕྱོགས་ཀྱི་དཔལ་ཡོན་ཁག་ལའང་བརྟེན་དགོས་པས་རང་ཅག་གིས་ཚམ་ཚོམ་མེད་པར་དང་དུ་ལེན་དགོས། དང་དུ་བླངས་བ་དེ་ནི་སྔར་ཡོད་རིག་གནས་ལ་ཆོག་ཤེས་ཁོ་ནས་དོན་མི་འགྲུབ་པའི་དོན་ཡིན་པ་ལས། སྲོལ་རྒྱུན་རིག་གནས་ཁག་ལ་འདྲ་མཐོང་ངམ་སྡང་ཞུགས་གྱིས་ཞེས་པའི་དོན་ནི་གཏན་ནས་མིན་པའང་ཤེས་དགོས། འོན་ཀྱང་སྲོལ་རྒྱུན་རིག་གནས་ཕུལ་དུ་བྱུང་བ་ཇི་སྙེད་རྒྱུན་འཛིན་གང་ལེགས་ཀྱི་ཐོག་ཏུ་དར་སྤེལ་ཆེན་པོ་ཞིག་འབྱུང་བའི་ཆེད་དུ་གསར་བྱུང་རིག་གནས་ཁག་ཀྱང་དང་དུ་མ་བླངས་ན་མི་རུང་བའོ། །
   དེ་འདྲའི་དབང་དུ་བཏང་སྟེ་བཤད་ན།  ཇི་འདྲའི་ཚུལ་གྱིས་དང་དུ་ལེན་དགོས་ཞེ་ན། ཀུན་གྱིས་མཁྱེན་གསལ་ལྟར། སྤྱི་ཁྱོན་ནས་བཤད་ན་ཕྱི་ཡི་རྒྱལ་ཁབ་བམ་མི་རིགས་ཚང་མ་ལས་སུ་ཞིག་གི་རིག་གནས་ཡིན་རུང་། དེར་སྐྱོན་ཡོན་གཉིས་ཀ་ལྡན་ཏེ། བཅུད་དང་སྙིགས་མ་གཉིས། རང་རེའི་གནས་ཚུལ་ལ་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གཉིས། རང་རེར་ཕན་པའི་ཆ་དང་གནོད་པའི་ཆ་གཉིས་བཅས་ཡོད་པའོ། ། དེ་ལྟར་བཟང་ངན་སྐྱོན་ཡོན་འདྲེས་པའི་བབ་ལ་བརྟགས་ན་གསར་བྱུང་རིག་གནས་ཁག་ལ་རང་རེས་བླང་དོར་གང་ལེགས་བྱེད་དགོས་པ་རང་ཤུགས་ཀྱི་གྲུབ། དེའི་ཕྱིར་རང་རེའི་དང་ལེན་བྱེད་ཐབས་ཀྱི་རྩ་དོན་ནི་རང་རིག་གིས་གཙོ་བོ་བྱེད་དེ་རང་རིགས་ཀྱིས་སྤྱོད་ཐུབ་པ་དེ་ཡིན། དེ་ལ་རང་རིག་གིས་གཙོ་བོར་བྱེད་ཅེས་པ་ནི། རང་རིགས་བོད་ཀྱི་རིག་གནས་ཀྱིས་ཚད་གཞི་བྱས་ནས་ཕྱི་རྒྱལ་ལམ་མི་རིགས་གཞན་གྱི་རིག་གནས་སྣ་ཚོགས་ལ་བླང་དོར་བྱེད་དགོས་པའི་དོན་ཏེ། རང་རེའི་རིག་གནས་གནས་གཙོ་བོར་བྱས་ནས་དེས་བླངས་དོར་རམ་གདམ་ང་བྱེད་པའི་ཚད་གཞི་བྱེད་དགོས་པའི་དོན་ནོ། ། སྐབས་འདིར་ངེས་དགོས་པའི་ཐ་སྙད་འགའ་ཡོད་དེ། །
   རིག་གནས་གཙོ་བོ་ཞེས་པ་ནི་སྤྱི་ཚོགས་ཤིག་གི་བདག་པོའི་གོ་སའམ་སྣེ་འདྲེན་གྱི་གོ་ས་འཛིན་པའི་རིག་གནས་ལ་ཟེར། རང་རེའི་རིག་གནས་གཙོ་བོ་བོད་མིའི་བསམ་པས་སྣེ་དྲངས་ཏེ་འཛམ་གླིང་ཐོག་གི་ཕུལ་བྱུང་རིག་གནས་ཤུལ་བཞག་ཁག་བཅུད་དུ་བླངས་ཤིང་མི་དམངས་ལ་ཞབས་ཕྱི་སྒྲུབ་བྱེད་ཀྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལ་གོ་དགོས། རིག་གནས་གཙོ་བོ་ནི་སྤྱི་ཚོགས་ཀྱི་འདུས་ཤུགས་ཆེན་པོའི་འབྱུང་ཁུངས་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་ལ་ཆབ་སྲིད་བརྟན་པར་མ་ཟད་སྤྱི་ཚོགས་ཡར་ཐོན་ཡོང་ཞིང་མི་རིགས་མཐུན་སྒྲིལ་བྱེད་པའི་བསམ་པའི་གྲུབ་ཆ་དང་ཡར་སྐུལ་བྱེད་ནུས་རེད། རིག་གནས་གཙོ་བོ་ཡིས་ལར་ན་རིག་ནས་ཕལ་པ་དང་རིག་གནས་ལྡོག་མ་ལ་ཚོད་འཛིན་དང་ཚད་ལེན་ཅི་རིགས་བྱེད་ཀྱི་ཡོད་པས་ན། གནས་ནས་ད་བར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རང་ཉིད་ཀྱི་རིག་གནས་གཙོ་བོ་ལ་མཐོང་ཆེན་མི་བྱེད་པའི་སྤྱི་ཚོགས་གཅིག་ཀྱང་མེད།
   རིག་གནས་ཕལ་བ་ཞེས་པ་ནི་སྤྱི་ཚོགས་ཀྱི་ཐོག་ཏུ་མི་སྣ་ཉུང་ཤས་ཤིག་གིས་དང་དུ་ལེན་པ་ཚོགས་པ་ཞིག་ལ་སྒོས་སུ་མངའ་བའི་རིག་གནས་ལ་ཟེར།

    གསར་བྱུང་རིག་གནས་དང་དུ་ལེན་ཐབས།

རིག་གནས་ལྡོག་མ་ཞེས་པ་ནི་རིག་གནས་གཙོ་བོ་ལས་ལྡོག་ཅིང་དེ་འགོག་པའི་རིག་གནས་ལ་ཟེར། ལོ་རྒྱུས་ཀྱི་གནས་བབ་མི་འདྲ་བའི་རིག་གནས་ལྡོག་མ་སོ་སོའི་བྱེད་ལས་ཀྱང་མི་འདྲ། དེ་ལྟར་དུ་སྤྱི་ཚོགས་རིག་པའི་དཔྱད་འབྲས་ལས་གསལ་བར། སྤྱི་ཚོགས་ཚང་མར་རིག་གནས་གནས་གཙོ་བོ་དང་། རིག་གནས་ཕལ་པ། རིག་གནས་ལྡོག་མ་བཅས་རིག་གནས་ཀྱི་སྣང་ཚུལ་གསུམ་ཆ་ཡོད་པ་ལ་ཁྱད་མ་མཆིས་སོ། ། རང་རིག་གིས་གཙོ་བོར་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བ་ནི་རང་རིགས་ཀྱི་རིག་གནས་དེས་ཚད་གཞི་བྱས་ནས་ཕྱི་ནས་ཡོང་བའི་རིག་གནས་ཀྱི་ནང་དུ་རང་རིགས་ཀྱི་གནས་ཚུལ་དང་མཐུན་ཞིང་རང་རིགས་ལ་ཕན་པའི་ཆ་བཟང་པོ་རྣམས་དང་དུ་ལེན་པ་རྒྱུན་འཁྱོངས་བྱེད་པ་དེ་རེད།  འདིར་དང་པོར་ཕྱི་འོངས་དཔལ་ཡོན་ཁག་དུ་བདེན་བཟང་མཛེས་པའི་ཆ་དང་རྫུན་ངན་མི་མཛེས་པའི་ཆ་ལེགས་པར་འབྱེད་ཐུབ་དགོས། ཕྱི་འོངས་དཔལ་ཡོན་ནང་དུ་དོན་གྱིས་བཟང་བའི་ཆ་ཡོད། དེ་ནི་སྔོན་དུ་ཐོན་པའི་ཚན་རྩལ་ཤེས་བྱ་དང་སྤྱི་ཚོགས་དཔལ་འབྱོར་དོ་དམ་བྱེད་ཐབས། མིའི་རིགས་ཀྱི་དཔལ་ཡོན་གཞུང་ལམ་ན་ཐོན་པའི་གྲུབ་འབྲས་རྣམས་རེད། དེ་དང་མཉམ་དུ་དོན་ལ་ངན་པའི་ཆ་ཡང་ཡོད། དེ་ནི་སྤྱི་ཚོགས་ནག་པོའི་རྩ་འཛུགས་དང་། རིགས་རུས་ཕྱོགས་རིས། གློག་སྒྲོན་དམར་པོའི་ཁུལ་ལྟ་བུའོ། ། དེས་ན་ང་ཚོས་ངེས་པར་དུ་ཕུལ་བྱུང་གི་ཆ་མ་གཏོགས་གནོད་པའི་ཆ་མཐའ་དག་ལ་དགག་པ་བྱེད་དགོས།
    གཉིས་པ་རང་རེའི་གནས་ཚུལ་དང་མཐུན་མིན་ལེགས་པར་འབྱེད་དགོས། ཕྱི་རོལ་གྱི་སྤྱི་ཚོགས་ནང་གི་ལེགས་པའི་ཆ་ཡིན་ནའང་ཚང་མ་དང་ལེན་བྱེད་མི་རུང་སྟེ་རང་རེ་དང་ཕྱི་རོལ་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་སྲོལ་རྒྱུན་དང་། རིག་གནས་བྱུང་ཡུལ། འཕེལ་རྒྱས་ཀྱི་ཚད། སྤྱི་ཚོགས་ལམ་ལུགས་བཅས་མི་འདྲ་བའི་ཁྱད་པར་ཡོད་པས་སོ། ། འོན་ཀྱང་རང་རེའི་གནས་ཚུལ་དང་མཐུན་མི་མཐུན་ཞེས་པ་རྙོག་དྲ་ཤིན་ཏུ་ཆེ་བའི་གནད་དོན་ཞིག་ཡིན་པས་ལག་ལེན་དངོས་ཀྱི་ཚད་གཞི་དང་བསྟུན་པ་ལས་ཐབས་མེད། དེ་འདྲ་ཡིན་པས་ང་ཚོས་དང་དུ་ལེན་དུས་ཁྱི་ཕག་གིས་གང་ལའང་ལོངས་སུ་སྤྱོད་པ་ལྟར་གསར་བྱུང་རིག་གནས་ཡོད་ཚད་ལ་ལྷ་མཐོང་ཁོ་ན་བྱེད་པའང་དགག་བྱ་ཞིག་གོ།
  འོ་ན་སྐད་ཡིག་གང་གི་ཐོག་ནས་གསར་བྱུང་རིག་ནས་དང་ལེན་བྱེད་དགོས་ཤེ་ན། བོད་རང་གིས་སྐད་ཡིག་གི་སྒོ་ནས་ནས་བྱེད་དགོས། ལ་ལའི་བསམ་པར་རྒྱ་ཡིག་དང་དབྱིན་ཡིག་ལྟ་བུ་ལ་བརྟེན་ནས་དང་དུ་བླངས་ཀྱང་ཆོག་མོད་སྙམ་ན། དེ་ནི་མི་ཆོག་སྟེ། སྐད་ཡིག་ཅེས་པ་དེ་མི་རིགས་ཀྱི་ཁྱད་ཆོས་ཤིག་ཡིན་པས་མི་རིགས་རང་གི་ཕུགས་ཀྱི་ཁེ་ཉེན་ལ་བསམ་དགོས་པའི་རྒྱུ་མཚན་གྱིས་རེད། དེས་ན་སྐད་ཡིག་ལ་ལག་ཆའི་རང་བཞིན་མ་གཏོགས་པའི་རང་བཞིན་གཞན་ཡང་ཡོད་པ་རྟོགས་དགོས་པའི་གནད་དམ་པ་ཞིག་གོ། །
   མདོར་ན།  དེང་དུས་ཀྱི་བོད་ལ་མཚོན་ན་ཀྲུང་གོའི་མི་རིགས་ཁྱིམ་ཚང་ཆེན་མོར་མི་རིགས་གཞནདང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེར། བོད་ཀྱི་ཁྱད་ཆོས་གསར་པ་ཞིག་སྣོན་པའི་ཆེད་དུ།  རང་བརྙས་ཁོ་ནའི་དབང་དུ་མ་སོང་བར་བསམ་ཡོད་ལག་ཡོད་ཀྱི་སྒོ་ནས་འཛུགས་སྐྲུན་ཀུན་གྱི་གཞི་མར་གྱུར་པའི་རིག་གནས་སྦྱོང་སྤྱོད་སྤེལ་གསུམ་གཙོ་བོར་རང་སྐད་རང་ཡིག་ཐོག་ནས་སྒྲུབ་པའི་དུས་ཤིག་ཡིན་པ་ལས་གནའ་དེང་བཟང་ངན་དང་། མི་རིགས་སུ་བཟང་སུ་ངན། མདོ་དབུས་ཁམས་གསུམ་བར་གྱི་ལ་རྒྱ། སྐྱ་སེར་བར་གྱི་འདུ་ཤེས་སོགས་ལ་རྩོད་པའི་དུས་མ་ཡིན། དེས་ནས་གསར་བྱུང་རིག་གནས་ཁག་ལའང་བརྩོན་པ་ཆེར་སྐྱེད་གྱིས་ཤིག་པའི་སྐུལ་བར་བཅས་དར་རྩེ་མདོ་ནས་རབ་རྒྱན་ལྕགས་འབྲུག་ལོའི་ཟླ༣ཚེས་༡༢ལ་བྲིས་པའོ། །

                                                                                                                       ཏའེ་ཆི་ཡོན་གྱིས་པར་བླངས།
 

  • ལེ་ཚན་སྔོན་མ།:2013ལོའི་བོད་ཀྱི་རྩོམ་རིག་སྐོར་གྱི་དོན་བྱ་ཆེན་པོ་བཅུ།
  • ལེ་ཚན་རྗེས་མ།: བྱམས་ལྡན་གྱི་ཨ་མ།