2013ལོའི་བོད་ཀྱི་རྩོམ་རིག་སྐོར་གྱི་དོན་བྱ་ཆེན་པོ་བཅུ།

རེ་རྐང་གླིང་།        2014-02-14

གཅོང་སྐད་འཁོར་བའི་དུས་ཚོད་ཀྱི་མདའ་ཁབ་དེ་ཐག་ཐག་གི་སྒྲ་དང་བཅས་༢༠༡༣ལོའི་ཆེས་མཐའ་མཇུག་གི་ཉིན་མོ་སྙེག་ནས་ཐོན་པའི་ད་ལྟ་བའི་དུས་སུ།འཛམ་གླིང་གི་དྲ་ཚགས་དེབ་གསུམ་ཀུན་གྱི་ངོས་ལ་༢༠༡༣ལོའི་ཕྱིར་མིག་ཁྲོད་ཀྱི་མངར་སྐྱུར་འདྲེས་མའི་འཚོ་བ་དག་འབྲི་འགོད་བྱེད་པའི་རྩོམ་ཡིག་གིས་ཁེངས་ནས་ཡོད་ཅིང་།སྲིད་འབྱོར་རིག་གསུམ་ཀུན་ལ་དངོས་ལྡོག་གི་སྡོམ་ཚིག་ལྟ་བུ་རེ་བཀོད་ཡོད་པ་དེ་དག་གིས།ཉིན་རྒྱུན་བྱ་བའི་བྲེལ་སྣང་གི་ཁྲོད་དུ་༢༠༡༣ལོའི་བྱ་བ་མང་པོ་ཞིག་མཐོང་ཐོས་སུ་མ་གྱུར་བའི་མི་མང་པོ་ཞིག་ལ་སྟབས་བདེ་བསྐྲུན་ནས་ཡོད་ཅིང་།དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ལོ་འཁོར་ཧྲིལ་བོའི་གནས་ཚུལ་འགངས་ཆེ་བ་དག་ཤེས་རྟོག་ཐུབ་པའི་རྩོམ་ཡིག་ལ་ཀུན་གྱིས་དགའ་བསུ་བྱེད་ཀྱིན་ཡོད་པས་ན།ཁོ་བོ་ནས་ཀྱང་འཛམ་གླིང་གི་དུས་དེབ་ཆེ་གྲས་དག་གིས་ལོ་འཁོར་རེ་རེ་བཞིན་“དོན་བྱ་ཆེན་པོ་བཅུ”ཞེས་དམིགས་སུ་འདོན་པའི་ཁྱད་ཆོས་གཞིར་བཟུང་སྟེ།༢༠༡༣ལོའི་བོད་ཀྱི་རྩོམ་རིག་དང་ཉེ་བར་འབྲེལ་བའི་དོན་བྱ་བཅུ་ཀློག་པ་པོ་ཀུན་གྱི་མིག་ཁར་འབྲིམ་པ་ལ།

2013ལོའི་བོད་ཀྱི་རྩོམ་རིག་སྐོར་གྱི་དོན་བྱ་ཆེན་པོ་བཅུ།

དང་པོ།<<གཟི་མིག་དཔེ་ཚོགས>>
སྤྱི་ལོ་༢༠༡༣ལོའི་སྐྱ་རེངས་ཀྱི་གཤོག་རླབས་དང་འགྲོགས་རང་རེའི་བོད་ཀྱི་རྩོམ་རིག་གི་གཤིན་ས་ལ་སྔ་ན་མེད་པའི་འབྲས་ལྡན་གྱི་མྱུ་གུ་གསར་བ་ཞིག་འབུས་བྱུང་བ་ནི།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་<<གཟི་མིག་དཔེ་ཚོགས>>ཞེས་པ་དེ་ཡིན་ཞིང་།དཔེ་ཚོགས་དེས་༢༠༡༡ལོའི་བོད་ཀྱི་རྩོམ་རིག་གི་དར་རྒུད་དང་བརྩམས་ཆོས་ཀྱི་ཁྱབ་ངོས་ཧྲིལ་བོ་སྐྱུ་རུ་ར་ལག་འཁྱིལ་དུ་བླངས་པ་བཞིན་དེབ་གཟུགས་ཀྱི་རྣམ་པས་ཀློག་པ་པོ་དག་གི་མིག་ཁར་བཀྲམས་ཡོད་པ་ནི།གཞུང་ངོས་ནས་བསྒྲུབས་པའི་བོད་ཡིག་གི་རྩོམ་རིག་དུས་དེབ་དང་ཚགས་པར་ཡོད་ཚད་ལས་སྒྲུང་གཏམ་དང་སྙན་ངགལྷུག་རྩོམ།བསྒྱུར་རྩོམ།རྩོམ་རིག་དཔྱད་བརྗོད་བཅས་དེབ་ལྔ་ཧྲག་འདེམས་བྱས་ཏེ་ཉིང་བཏུས་སུ་པར་དུ་བཏབ་པ་དེ་ཡིས།ཕྱོགས་གཅིག་ནས་དུས་རབས་གསར་བའི་བོད་ཀྱི་རྩོམ་རིག་གི་རྨང་གཞིའི་འཛུགས་སྐྲུན་དང་རྩོམ་ཡིག་གསོག་ཉར་བྱ་བར་ཕན་འབྲས་ཆེན་པོ་བསྐྲུན་ཡོད་པ་དང་།ཕྱོགས་གཞན་ཞིག་ནས་བོད་ཀྱི་རྩོམ་རིག་ལ་ཞིབ་མཇུག་བྱེད་པའི་ཕྱི་ནང་གི་མཁས་པ་དག་ལ་དཔྱད་གཞིའི་ཡིག་ཚགས་ཚད་ལྡན་ཅན་གསོག་ཉར་གྱི་སྟབས་བདེ་སྐྲུན་ཡོད་པ་དེས།གཟི་མིག་དཔེ་ཚོགས་དེ་༢༠༡༣ལོའི་བོད་ཀྱི་རྩོམ་སྟེགས་སུ་ཀློག་པ་པོ་དག་གིས་དགའ་བསུ་ཆེས་ཆེར་བྱེད་པ་དང་ལོ་རྒྱུས་ཀྱི་དོན་སྙིང་ཕུན་སུམ་ཚོགས་པའི་བྱ་བ་རླབས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།།2013ལོའི་བོད་ཀྱི་རྩོམ་རིག་སྐོར་གྱི་དོན་བྱ་ཆེན་པོ་བཅུ།
 

གཉིས་པ།བོད་ཀྱི་རྩོམ་པ་པོ་དང་རིག་གཞུང་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་སྐུ་གཤེགས་པ།
ལོ་རབས་བརྒྱད་ཅུ་བའི་ནང་དུ་《བསིལ་དུས་ཀྱི་བོད་ལྗོངས》དང་《ལྷ་ས་སྐྱིད་གླུ》སོགས་སྙན་རྩོམ་གང་མང་བྲིས་ཏེ་རྩོམ་སྟེགས་སུ་སྐད་གྲགས་རྒྱས་མྱོང་བའི་བོད་ཀྱི་རྩོམ་པ་པོ་དང་རིག་གཞུང་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་༢༠༡༣ལོའི་ཟླ་༨པའི་ཚེ་༡༥ཉིན་ལྷ་སར་སྐུ་གཤེགས་པ་དེས།ཀློག་པ་པོ་མང་པོ་ཞིག་གི་སེམས་ལ་སྐྱུར་ཅིང་ཅིང་གི་སྡུག་བསྔལ་ཆེན་པོ་ཞིག་བཞག་པ་ནས།རྩོམ་པ་པོ་ཁོང་གིས་མཛད་པའི་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཞེས་པ་དང་《གཏམ་མཛོད་མེས་པོའི་ཞལ་རྒྱུན》སོགས་གསུང་པོད་ཀྱི་རིགས་དང་།སྙན་ངགབརྩམས་སྒྲུང་།ལྷུག་རྩོམ་སོགས་ལོ་རྒྱུས་ཀྱི་ལྡེབས་ངོས་སུ་དཔྱངས་པའི་བརྩམས་ཆོས་དག་ལ་བསྐྱར་དུ་ཕྱིར་དྲན་སྒོས།རྩོམ་པ་པོ་ཞིག་གི་སོང་ཚར་བའི་ལོ་ཟླ་དག་ལ་རྗེས་དྲན་དང་།ཁོང་གི་བླ་ན་མེད་པའི་ལག་རྗེས་དང་བརྩམས་ཆོས་དག་ལ་ཡི་རངས་དང་སློབ་སྦྱོང་བྱས་པ་དེས།རྩོམ་པ་པོ་ཁོང་གི་བརྩམས་ཆོས་ཀྱིས་མི་རིགས་ལ་བཞག་པའི་མཛད་རྗེས་རླབས་པོ་ཆེ་དེ་མཚོན་ཡོད་པ་ནས།༢༠༡༣ལོར་བོད་ཀྱི་རྩོམ་རིག་གི་མཁའ་དབྱིངས་སུ་སྐར་ཆེན་ཞིག་ནུབ་པར་གྱུར་བའི་ལོ་རྒྱུས་ཀྱི་རྡོ་རིང་བསླངས་ནས་ཡོད་པ་རེད།།2013ལོའི་བོད་ཀྱི་རྩོམ་རིག་སྐོར་གྱི་དོན་བྱ་ཆེན་པོ་བཅུ།
 

  གསུམ་པ།བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ནམ་རྩོམ་པ་པོ་བཀྲ་བྷ་ཡིས་ལག་སྟར་རྩོམ་སྒྲིག་བྱས་པའི་“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ཁག་དང་པོ་རུ་བོད་རྩོམ་དང་ཉེ་བར་འབྲེལ་བའི་«གསར་རྩོམ་ཉམས་མྱོང་གླེང་བ»(བཀྲ་བྷ་ཡིས་བསྒྲིགས)ཞེས་པ་དང་།«སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག»(བན་དེ་མཁར་གྱིས་བརྩམས)«དེང་རབས་སྙན་ངག་རིག་པ»(ལྕགས་རྡོར་རྒྱལ་གྱིས་བརྩམས)ཞེས་པའི་དེབ་གསུམ་སྔ་ཕྱིར་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་པར་སྐྲུན་འགྲེམས་སྤེལ་བྱས་པར་བོད་ཀྱི་ཀློག་པ་པོའི་སྡེ་རུ་ཚུར་སྣང་ཆེན་པོ་བྱུང་ཡོད་པ་ནི།ཕྱོགས་གཅིག་ནས་དེ་སྔ་《སྦྲང་ཆར》དང་《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད་ཟིན་པའི་རྩོམ་པ་པོ་བཞི་བཅུ་ལྷག་གི་གསར་རྩོམ་གྱི་ཉམས་མྱོང་གླེང་བའི་རྩོམ་ཡིག་དག་ཕྱོགས་བསྡོམས་སུ་བཀོད་པར་དཔྱད་གཞིའི་རིན་ཐང་ལྡན་ནས་ཡོད་པ་དེ་དང་།ཕྱོགས་གཞན་ཞིག་ནས་དེང་རབས་སྙན་ངག་རིག་པའི་གཞུང་ལུགས་ཀྱི་ངོ་བོའམ་རང་བཞིན་ལ་མནོ་བསམ་འཁོར་བའི་མདུན་སྒོ་ཡངས་པར་ཕྱེས་ཡོད་པ་མ་ཟད།ན་གཞོན་པའི་སྡེ་ཡིས་ན་གཞོན་རྩོམ་པ་པོའི་གསར་རྩོམ་གྱི་འབྲས་བུར་གདེངས་འཇོག་དང་ཞིབ་འཇུག་བྱས་པའི་ལམ་གསར་བཏོད་པའི་དགེ་མཚན་དང་ལྡན་པས་ན།དེབ་ཚོགས་དེས་༢༠༡༣ལོའི་བོད་ཀྱི་རྩོམ་སྟེགས་ལ་ལང་ཚོའི་འཕྱུར་སྟོབས་རྒྱས་ཤིང་གསར་གཏོད་ཀྱི་རང་སྒྲ་སྒྲོག་པའི་འཇུག་ངོགས་གསར་བ་ཞིག་བཞེངས་བསྐྲུན་བྱས་ནས་ཡོད་དོ།།2013ལོའི་བོད་ཀྱི་རྩོམ་རིག་སྐོར་གྱི་དོན་བྱ་ཆེན་པོ་བཅུ།
 

བཞི་བ།ལུའུ་ཞུན་རྩོམ་རིག་གླིང་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཟབ་སྦྱོང་འཛིན་གྲྭ་སྔ་ཕྱིར་ལྷ་ས་དང་ཟི་ལིང་གཉིས་སུ་བསྡུས་པ།
ཀྲུང་གོའི་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་ཆེན་པོ་བཟུང་ཡོད་པའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལུའུ་ཞུན་གྱི་མིང་གིས་མཚན་པའི་ལུའུ་ཞུན་རྩོམ་རིག་སློབ་གླིང་ནི་ཀྲུང་གོའི་རྩོམ་རིག་ལ་ཤན་ཞུགས་ཆེས་ཆེ་བའི་སློབ་གྲྭ་ཞིག་ཡིན་པ་དང་།རྒྱའི་རྩོམ་པ་པོ་གྲགས་ཅན་མའོ་ཡན་སོགས་འཛམ་གླིང་ལ་སྐད་གྲགས་ཆོད་པའི་རྩོམ་པ་པོ་བརྒྱ་ཕྲག་ཇི་སྙེད་ཅིག་སློབ་གླིང་འདི་ག་ནས་རིག་པའི་ཀློང་བརྡོལ་བར་བཤད་ཅིང་།ལྷག་ཏུ་རྒྱ་ཡིག་གི་ལམ་ནས་གསར་རྩོམ་ལ་གཞོལ་བའི་བོད་རིགས་རྩོམ་པ་པོ་ཚེ་རིང་ནོར་བུ་དང་ལུང་རིན་ཆེན་སོགས་མང་པོ་ཞིག་གིས་ཀྱང་སློབ་གླིང་འདི་གར་བསྐྱོད་པའི་དྲན་འཆར་དངོས་སུ་ཐོ་ཡིག་ཏུ་བཀོད་དེ་རང་ཉིད་ཀྱི་གསར་རྩོམ་ལ་ཁ་ཕྱོགས་རྙེད་པའི་བསམ་ཚུལ་བཏོན་པ་སོགས་ཀྱིས་བོད་ཀྱི་རྩོམ་པ་པོའི་ཁྲོད་དུའང་སློབ་གླིང་འདི་གར་བསྐྱོད་རྒྱུའི་རེ་བ་དེ་སྐོམ་པ་ཆུ་འདོད་དུ་བཟུང་ཡོད་པ་ལ།༢༠༡༣ལོར་ཆེད་དུ་《མི་རིགས་རྩོམ་རིག》དུས་དེབ་ཁང་གི་གཞོགས་འདེགས་རྒྱབ་སྐྱོར་འོག་ལུའུ་ཞུན་རྩོམ་རིག་གླིང་གི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ཟབ་སྦྱོང་འཛིན་གྲྭ་ཞེས་པ་སྔ་ཕྱིར་ལྷ་ས་དང་ཟི་ལིང་གཉིས་སུ་བསྡུས་ཏེ་བོད་ཡིག་གི་ལམ་ནས་གསར་རྩོམ་བྱེད་པའི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་དང་གཅན་མེ་སྟགསྨྲེང་བུ་དང་ན་རོ་སོགས་མི་སྣ་ཉི་ཤུ་ལྷག་ལ་ཀྲུང་གོའི་རྩོམ་སྟེགས་སུ་སྐད་གྲགས་རྒྱས་པའི་དཔྱད་བརྗོད་པ་ལིས་ཅིན་ཙི་དང་པའེ་ཡའེ།རྩོམ་པ་པོ་ཨ་ལེ་དང་ལིག་ཆིན་པང་སོགས་ཆེད་དུ་གདན་འདྲེན་བྱས་ཏེ་ཟླ་ངོ་གཅིག་ཡས་མས་སུ་འཆད་ཁྲིད་དང་གཏམ་གླེང་བྱེད་དུ་བཅུག་པ་མ་ཟད།《མི་དམངས་རྩོམ་རིག》གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་གཞོན་ཆོའུ་དཔའ་ཏུང་སོགས་ཀྱིས་སྟག་འབུམ་རྒྱལ་གྱི་“ཁྱི”བརྗོད་བྱ་བྱས་པའི་སྒྲུང་གཏམ་གྱི་སྐོར་དང་གཅན་མེ་སྟག་གི་སྙན་ངག་སོགས་ཀྱི་སྐོར་ལ་རང་རང་གི་ལྟ་ཚུལ་བཏོན་ཏེ།རྩོམ་པ་པོ་དེ་དག་གི་གསར་རྩོམ་གྱི་ཐབས་ལམ་དང་བརྗོད་བྱའི་ཁྱབ་རྒྱ་དེ་རྒྱའི་རྩོམ་རིག་གི་ངོས་ནས་བཤད་ནའང་གཟེངས་སུ་ཐོན་པ་དང་སློབ་སྦྱོང་བྱ་འོས་པ་ཞིག་ཏུ་གདེང་འཇོག་ཆེན་པོ་བྱས་པ་དེ་དག་གིས་ལྟོས་བཅོས་སུ་ཁ་རུབ་ཀྱི་རྣམ་པར་མངོན་པའི་རང་ཅག་བོད་མིའི་རྩོམ་རིག་གི་སྣང་ཚུལ་ལ་མི་རིགས་གཞན་གྱི་དཔྱད་བརྗོད་པས་གདེང་འཇོག་ཐོག་མར་བྱས་པའི་ཟིན་ཐོ་ལྟ་བུ་བསྐྲུན་པ་དག་གིས་༢༠༡༣ལོའི་བོད་ཀྱི་རྩོམ་སྟེགས་སུ་འཛིན་གྲྭ་དེ་གཉིས་བསྒྲུབ་པ་ལ་དོན་སྙིང་གལ་ཆེན་ལྡན་ནས་ཡོད་པ་རེད།།2013ལོའི་བོད་ཀྱི་རྩོམ་རིག་སྐོར་གྱི་དོན་བྱ་ཆེན་པོ་བཅུ།
 

ལྔ་བ།མི་རིགས་རྩོམ་རིགགི་བོད་ཡིག་པར་གཞིའི་རྩོམ་པ་པོ་དང་ལོ་ཙཱ་བའི་མ་ཟིན་བསྒྱུར་བཅོས་ཀྱི་འཛིན་གྲྭ་དེ་གཙོས་གྲོང་ཁྱེར་ནས་བསྡུས་པ།
 

༢༠༡༣ལོའི་ཟླ་༨པར།མི་རིགས་རྩོམ་རིག་དུས་དེབ་ཁང་དང་ཀན་སུའུ་རྩོམ་པ་པོའི་མཐུན་ཚོགས་སོགས་ཀྱིས་བསྒྲུབས་པའི《མི་རིགས་རྩོམ་རིག》གི་བོད་ཡིག་པར་གཞིའི་རྩོམ་པ་པོ་དང་ལོ་ཙཱ་བའི་མ་ཟིན་བསྒྱུར་བཅོས་ཀྱི་འཛིན་གྲྭ་དེ་གཙོས་གྲོང་ཁྱེར་ནས་བསྡུས་པར་པེ་ཅིན་དང་ལྗོངས་ཞིང་ལྔ་ནས་ཕེབས་པའི་བོད་རིགས་རྩོམ་པ་པོ་རྣམ་སྲས་དང་ལྷ་བྱམས་རྒྱལ།རོང་བོ་དགེ་འདུན་ལྷུན་གྲུབ།ཅོ་ནེ་ཡུམ་ཚེ་རིང་སོགས་མི་སྣ་སུམ་ཅུ་ལྷག་གིས་བོད་ཀྱི་རྩོམ་རིག་གསར་རྩོམ་ཐད་ལ་གྲོས་འདོན་འཆར་འབུལ་གནང་ཞིང་།བོད་ཀྱི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་རྩོམ་པ་པོ་ལྷ་རྒྱལ་ཚེ་རིང་སོགས་ཀྱིས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ཐད་ནས་འཆད་ཁྲིད་གནང་བར།རྩོམ་པ་པོ་རྒན་པ་བསྟན་འཛིན་གྱིས་བོད་རང་གི་གསར་རྩོམ་གྱི་རྨང་གཞི་དེ་གཙོ་བོ་སྲོལ་རྒྱུན་གྱི་ལམ་ཁ་ནས་གཞི་འཛུགས་དགོས་པར་སྙེད་ཅིང་།བོད་ཀྱི་རྩོམ་པ་པོ་བཀྲ་བྷ་དང་ཨ་ལེ་གཉིས་ཀྱིས་བོད་ཀྱི་རྩོམ་རིག་གི་ཐ་སྙད་དང་བོད་རྩོམ་གྱི་དགེ་སྐྱོན་སྐོར་ལ་ཆེད་དུ་རང་རང་གི་ལྟ་ཚུལ་བཤད་པ་ལྟ་བུར་བོད་ཀྱི་རྩོམ་སྟེགས་སུ་ཚུར་སྣང་ཆེན་པོ་བྱུང་ཡོད་ལ།ཚོགས་འདུའི་སྐབས་སུ་ལྷ་མོ་རྩེ་དགོན་པ་དང་ཀླུ་ཆུ་སོགས་སུ་གནས་སྐོར་དུ་ཕེབས་པ་དེ་དག་གིས་བོད་ཀྱི་རྩོམ་པ་པོ་དག་ལ་བོད་ས་གནས་ཀྱི་དམངས་སྲོལ་དང་ཆོས་ལུགས་ཆོ་གམཛེས་ལྗོངས་སོགས་ཐུན་མོང་མ་ཡིན་པའི་མཛེས་པ་ཉམས་སུ་མྱོང་དུ་བཅུག་པ་དེས་ཚོགས་འདུའི་ནང་དོན་དེ་ཕུན་ཚོགས་ཇེ་རྒྱས་སུ་བཏང་བ་ནས་༢༠༡༣ལོའི་བོད་ཀྱི་རྩོམ་རིག་གི་བྱ་འགུལ་གལ་ཆེན་ཞིག་ཏུ་གྲུབ་ནས་ཡོད་པ་རེད།།
      དྲུག་པ།སྐབས་དང་པོའི་བོད་ཀྱི་བུད་མེད་རྩོམ་རིག་གསར་རྩོམ་དཔྱད་གླེང་ཚོགས་འདུ་བསྡུས་པ།
《སྦྲང་ཆར》རྩོམ་སྒྲིག་ཁང་སོགས་ཀྱི་ཐུགས་འཁུར་རྒྱབ་སྐྱོར་འོག་ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཀྱི་བུད་མེད་རྩོམ་པ་པོའི་གནས་བབ་ལ་འགྱུར་ལྡོག་གང་ལེགས་ཞིག་བྱུང་ནས་ཡོད་པ་ནི།སྔ་ཕྱིར་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་སོགས་བསྒྲུབས་པའི་རྨང་གཞིའི་སྟེང་ད་ལོ་ཡང་བོད་ཀྱི་བུད་མེད་རྩོམ་རིག་དཔྱད་གླེང་ཚོགས་འདུ་ཞེས་པ་ཨ་མདོའི་རིག་གནས་ཀྱི་ལྟེ་བར་འབོད་པའི་ཟི་ལིང་དུ་བསྡུས་པ་ལ།རྩོམ་རིག་དུས་དེབ་《སྦྲང་ཆར》གྱི་གཙོ་སྒྲིག་ཟུར་བ་ཟླ་བ་བློ་གྲོས་དང་།རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ།སྙན་ངག་པ་འཇུ་སྐལ་བཟང་།སྒྲུང་གཏམ་པ་ཚེ་རིང་དོན་གྲུབ་སོགས་དང་།བུད་མེད་རྩོམ་པ་པོ་འཆི་མེད།ཚེ་རིང་དབྱངས་སྐྱིད།དཔལ་མོ།དཔལ་ལྷ་སོགས།ཚགས་དེབ་ཁང་གི་རྩོམ་སྒྲིག་པ་བཅས་མི་སྣ་བརྒྱ་ལྷག་ཞུགས་ཏེ།བུད་མེད་ཀྱི་རྩོམ་རིག་གསར་རྩོམ་གྱི་འདས་མ་ད་གསུམ་གྱི་ངོ་བོར་དཔྱད་གླེང་དང་བོད་ཀྱི་དེང་རབས་རྩོམ་རིག་གི་སྤྱིའི་རྣམ་པ་སོགས་སུ་དབྱེ་ཞིབ་ཕྲ་ཞིང་ཞིབ་པ་བྱས་ནས།གནད་ལ་འཐིངས་པའི་ལྟ་བ་དང་གྲོས་འཆར་བཏོན་པར་བོད་ཀྱི་བུད་མེད་རྩོམ་པ་པོའི་རྩོམ་རིག་གསར་རྩོམ་གྱི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སྙེགས་སུ་བཅུག་པ་ནི།བོད་ཀྱི་རྩོམ་སྟེགས་རྣམས་སུ་བུད་མེད་རྩོམ་པ་པོའི་བརྩམས་ཆོས་ལ་ཆེད་དམིགས་གདེང་འཇོག་བྱེད་པའི་བགྱི་བ་ལག་ཏུ་བསྟར་ནས།ལོ་ན་གཞོན་པའི་བུད་མེད་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་དྲ་ཚགས་དེབ་གསུམ་གྱི་ངོས་སུ་འཕྱུར་སྟོབས་རྒྱས་ནས་ཡོང་བ་ལ།སྒྲུང་གཏམ་རྩོམ་པ་པོ་ཚེ་སྒྲོན་སྐྱིད་དང་སྙན་ངག་པ་མཚོ།ཁ་བ་ལྷ་མོ་སོགས་གསར་བྱུང་གི་བུད་མེད་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་ལ་ཀུན་གྱིས་དོ་སྣང་བྱེད་འགོ་བརྩམས་ནས་ཡོད་དོ།།
       བདུན་པ།བྱིས་པའི་ཀློག་དེབ་གསར་རྩོམ་དང་ལོ་ཙྰའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་པའི་བྱིས་པའི་ཀློག་དེབ་གསར་རྩོམ་དང་ལོ་ཙྰའི་གསོ་སྦྱོང་འཛིན་གྲྭ་ཞེས་པའི་འདུ་ཚོགས་ཟླ་༨པའི་ནང་ཟི་ལིང་དུ་བསྡུས་པར།བྱིས་སྒྲུང་རྩོམ་པ་པོ་གྲགས་ཅན་པེ་རན་དང་བོད་ཀྱི་བརྩམས་སྒྲུང་མཁས་པ་ནག་པོ་སྐལ་བཟང་སོགས་བྱིས་པའི་རྩོམ་རིག་གི་ལས་ཀར་རྒྱུས་མངའ་ཆེ་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་སྣ་དག་གདན་ཞུ་བྱས་ཏེ།བོད་ཀྱི་རྩོམ་ཡིག་བརྩམས་ཆོས་ཁྲོད་བྱིས་པའི་ལོ་ཚོད་སེམས་ཁམས་དང་འཚམ་ཞིང་ཡིད་འགུག་གི་ནུས་པ་ལྡན་པ།མི་རིགས་རིག་གནས་ཀྱི་ཁྱད་ཆོས་གསལ་བའི་ཕ་སྐད་ལྟ་ཀློག་དཔེ་ཆ་དཀོན་པ་དང་།བྱིས་པའི་རྩོམ་རིག་དང་བྱིས་པའི་ཀློག་དེབ་ཆེད་གཉེར་གྱི་རྩོམ་པ་པོ་དང་ལོ་ཙྰ་བ།ཞིབ་འཇུག་པ་མེད་པའི་གནས་ཚུལ་སོགས་ལ་དམིགས་བཙུགས་ཏེ་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་དང་རི་མོའི་དགེ་རྒན།བོད་ཀྱི་ཡུལ་ཕྱོགས་ཀུན་ནས་ཕེབས་པའི་ལོ་ཙྰ་བ་སོགས་ལ་བགྲོ་གླེང་གི་རྣམ་པས་དཔུང་སྡེ་སྐྱེད་སྲིང་བྱ་དགོས་པའི་བླངས་བྱ་བཏོན་པ་དེས་བོད་ཀྱི་བྱིས་པའི་དཔེ་ཀློག་གི་འཚོ་བའི་རྣམ་པ་བསྒྱུར་བཅོས་གཏིང་ཟབ་བྱེད་པར་དབུ་ཁྱུད་བྲིས་ཤིང་།རི་མོ་བ་ཀླུ་ཚང་བསོད་ནམས་འབུམ་གྱིས་རྩོམ་པ་པོ་ནག་པོ་སྐལ་བཟང་གི་སྒྲུང་གཏམ་སྐད་གྲགས་ཅན་《ཀླུ་འབུམ་མི་རྒོད》ཅེས་པའི་མ་རྩོམ་གཞིར་བཟུང་སྟེ་རབ་བཏགས་མུ་འབྲེལ་རི་མོའི་ལམ་དུ་བྲིས་པའི་《ཀླུ་འབུམ་མི་རྒོད》ཅེས་པའི་བྱིས་པའི་ལྟ་ཀློག་གི་རི་མོའི་དཔེ་དེབ་ཅིག་ཐོན་པ་དེ་དག་གིས་༢༠༡༣ལོ་ནི་བོད་ཀྱི་བྱིས་པའི་རྩོམ་རིག་ལ་མདུན་སྒོ་ཡངས་ཞིང་།གྲ་རྒྱས་ཀྱི་རྣམ་པ་ཤར་བའི་ལོ་རབས་གལ་ཆེན་ཞིག་ཏུ་གྱུར་ནས་ཡོད་པ་རེད།།
       བརྒྱད་པ།བོད་འགྱུར་ལོ་ཙྰའི་སྣང་ཚུལ་སྐོར།
དེ་ཡང་དུས་རབས་ཉེར་གཅིག་པའི་ཞོགས་པའི་སྐྱ་རེངས་ཉིད་དལ་བྲེལ་མེད་པར་གོ་ལ་ཆེན་པོ་འདིའི་དཔལ་དུ་འཕྲོས་པའི་ད་ལྟ་བའི་དུས་སུ།འཛམ་གླིང་རྩོམ་རིག་ཅེས་པ་སྣ་ཚོགས་གྲ་རྒྱས་ཀྱི་རང་བཞིན་ཆེར་མངོན་པའི་ཚུལ་གྱིས་སུས་ཀྱང་ཡིད་ཚོད་དཀའ་བས་ན།ལོ་རེ་རེའི་ནའོ་པེལ་བྱ་དགའ་ཐོབ་མཁན་ཚང་མ་ཡང་ཀུན་གྱི་བསམ་རྟོག་ལས་བརྒལ་བའི་སྣང་ཚུལ་ཞིག་ཏུ་གྲུབ་ནས་ཡོད་པ་རེད།ཡིན་ནའང་བོད་རང་གི་རྩོམ་རིག་སྒྱུ་རྩལ་གྱི་ངོས་ནས་བཤད་ན།དུས་རབས་འདིའི་མགོ་ཚུགས་ཚུན་དུ་རྩོམ་རིག་ལོ་ཙྰའི་འཕེལ་རྒྱས་དེ་ལོ་རེ་ནས་ལོ་རེ་བཞིན་ཡར་ཐོན་འབྱུང་གིན་ཡོད་པ་ནི།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་འཛམ་གླིང་གསུང་རྩོམ་གྲགས་ཆེན་བོད་འགྱུར་དཔེ་ཚོགས་ཞེས་པ་མུ་མཐུད་རྒྱུན་སྐྱོང་གིས་ད་ལོ་ཡང་ཨུ་རུ་སུའི་རྩོམ་པ་པོ་གྲགས་ཅན་སོལ་ཟེ་ཉི་ཆེན་གྱི་སྒྲུང་གཏམ་གྲགས་ཅན་《ཨེ་ཝན་ཌེ་ནེ་སོ་ཝེ་ཆིས་ཀྱི་མི་ཚེ་ལས་ཉིན་གཅིག》ཅེས་པ་སོགས་མང་པོ་ཞིག་པར་སྐྲུན་བྱས་ཡོད་ལ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དབྱི་རིགས་ཀྱི་སྙན་ངག་པ་གྲགས་ཅན་ཅི་ཏེ་མཱ་ཅའི་སྙན་ངག་གཅེས་བཏུས《མེ་ལྕེ་དང་ཐ་སྙད》ཅེས་པའི་བོད་འགྱུར་མ་པར་བསྐྲུན་འགྲེམ་སྤེལ་བྱས་པར།སྙན་ངག་པས་སྐུ་དངོས་སུ།“ངས་བརྩམས་པའི་སྙན་ངག་དེ་དག་བོད་ཡིག་ཏུ་བསྒྱུར་བ་ནི་ངའི་གཟི་བརྗིད་ཅིག་ཡིན་ཏེ།རྒྱུ་མཚན་ནི་ཡིག་རིགས་འདིའི་འཕེལ་རྒྱུན་གྱིས་ངའི་སྒྱུ་རྩལ་གྱི་ཚེ་སྲོག་དེ་མི་རིགས་གཞན་ཞིག་གི་ཡིག་རིགས་ཁྲོད་ཡང་བསྐྱར་གསོན་ཤུགས་རྒྱས་པའི་གོ་སྐབས་བསྩལ་སོང”ཞེས་བརྗོད་པ་ལྟ་བུའི་བོད་ཀྱི་ལོ་ཙྰའི་གྲུབ་འབྲས་ལ་གདེངས་འཇོག་ཆེན་པོ་བྱས་པ་སོགས་ཀྱི་ངེས་ཤེས་དེ་དང་།《སྦྲང་ཆར》དུས་དེབ་ཏུ་ནའོ་པེལ་བྱ་དགའ་ཐོབ་མཁན་ཀྲུང་གོའི་རྩོམ་པ་པོ་མའོ་ཡན་གྱི་ཚབ་མཚོན་སྒྲུང་ཐུང་《ཕྱི་གསལ་ནང་གསལ་གྱི་ལབ་དམར》ཅེས་པ་བོད་འགྱུར་དུ་བཀོད་པ་དེ་བཞིན་བོད་ཡིག་གི་《མི་རིགས་ཀྱི་རྩོམ་རིག》སྟེང་དུ་ཡང་ཨ་རིའི་ནའོ་པེལ་རྩོམ་རིག་བྱ་དགའ་འཐོབ་མཁན་རྩོམ་པ་པོ་ཨར་ནེ་ངྷི་ཧེ་མིང་ཝེས་བརྩམས་པའི་སྒྲུང་འབྲིང་《རྒད་པོ་དང་རྒྱ་མཚོ》ཞེས་པའི་བོད་འགྱུར་ཆ་ཚང་བཀོད་པ་དག་གིས་༢༠༡༣ལོའི་བོད་ཀྱི་རྩོམ་སྟེགས་ལ་འཛམ་གླིང་རང་བཞིན་གྱི་རྩོམ་རིག་གི་ཁ་དབུགས་སྟུག་པོ་ཞིག་འཁྱིལ་ནས་ཡོད་པ་རེད།།
      དགུ་བ།བོད་རྩོམ་ཕྱི་ཡིག་ཏུ་བསྒྱུར་བའི་གནས་ཚུལ་འགའ།
༢༠༡༡ལོར།མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཆེད་དུ་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱའི་མཐུན་ཚོགས་ཤིག་བཙུགས་ཤིང་།༢༠༡༢ལོ་ནས་བཟུང་“འབྲོང”དཔེ་ཚོགས་ཞེས་པ་རུ་བོད་ཡིག་ལམ་ནས་གསར་རྩོམ་བྱེད་མཁན་གྱི་རྩོམ་པ་པོ་མང་པོ་དང་སྙན་ངག་པ་མང་པོ་ཞིག་གི་རྩོམ་དེབ་དག་རྒྱ་འགྱུར་བྱས་པ་ལ་ཀུན་གྱིས་དོ་སྣང་བྱུང་བ་བཞིན་འགྲིགད་ལོ་ཡང་དེབ་ཕྲེང་གཉིས་པ་རུ་ཚེ་རིང་དོ《ན་གྲུབ་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས》(ཚེ་དབང་རྡོ་རྗེས་བསྒྱུར)དང་《ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས》(མཛེས་སེས་བསྒྱུར)《རང་སྒྲའི་སྒྲུང་གཏམ་ཕྱོགས་བསྒྲིགས》(པདྨ་ལྷུན་གྲུབ་ཀྱིས་བསྒྱུར)《རིག་ལྡན་རྒྱ་མཚོའི་སྒྲུང་གཏམ་ཕྱོགས་བསྒྲིགས》(ལུང་རིན་ཆེན་གྱིས་བསྒྱུར)བཅས་ཀྱི་རྒྱ་འགྱུར་སྒྲུང་ཐུང་དེབ་བཞི་དངོས་སུ་པར་འགྲེམ་བྱས་ཡོད་པ་དང་།རྩོམ་པ་པོ་བཀྲ་བྷའི་སྒྲུང་དེབ་《ནས》ཞེས་པ་དེ་ཡང་རྒྱ་འགྱུར་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་སོགས་བོད་རྩོམ་གྱི་དགེ་བར་དམིགས་པའི་ལོ་ཙྰའི་བྱ་བ་གལ་ཆེན་དག་གིས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་སྐོར་ལ་སྔ་ན་མེད་པའི་གཟི་བརྗིད་བསྐྲུན་ཡོད་པ་མ་ཟད།པདྨ་ཚེ་བརྟན་གྱི་ཧྥ་རན་སིའི་པར་གཞིའི་《བརྩམས་སྒྲུང་ཕྱོགས་བསྡུས》པར་བསྐྲུན་འགྲེམ་སྤེལ་བྱས་པ་དང་།དཔལ་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཉིང་བཏུས་དེབ་《བོད་ཀྱི་དེང་རབས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་སྐྱ་རེངས།__འདི་ན་ཡང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག》ཞེས་པའི་དེབ་ཉི་ཧོང་སྐད་དུ་རྒྱལ་ཁབ་དེ་གར་པར་བསྐྲུན་འགྲེམས་སྤེལ་བྱས་པ་དག་གིས་བོད་ཀྱི་རྩོམ་རིག་གི་ཆེ་བ་གླིང་ལྔ་མཚོ་བཞི་བརྒལ་བའི་ངོ་མཚར་གྱི་མིག་དཔེ་བཞག་ནས་ཡོད་དོ།།
      བཅུ་བ།ཟླ་བདུན་པའི་ནང་གི་ཚོགས་འདུ་ཆེན་པོ་གཉིས།
༢༠༡༣ལོའི་ཟླ་བདུན་པའི་ནང་དུ།ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་བོད་ཀྱི་རྩོམ་རིག་བྱ་བའི་གྲོས་ཚོགས་ཞེས་པ་དང་བོད་རིགས་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་ཞེས་པ་གཉིས་གྲོང་ཁྱེར་ཁྲིན་ཏུའུ་དང་པེ་ཅིང་གཉིས་སུ་བསྡུས་པར།རྒྱ་ཡིག་གི་ལམ་ནས་གསར་རྩོམ་ལ་གཞོལ་བའི་བོད་རིགས་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་ཟླ་བ་དང་ཨ་ལེ།ཡེ་ཤེས་ཚེ་རིང་།མེ་སྒྲོན་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཚོགས་མི་དག་གིས་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་གྲངས་ཉུང་མི་རིགས་རྩོམ་རིག་འཕེལ་རྒྱས་ལས་གཞིའི་མདུན་ལྗོངས་དང་བོད་ཀྱི་རྩོམ་རིག་བྱ་བའི་གྲོས་ཚོགས་ཀྱི་དམིགས་ཡུལ་སོགས་ལ་བགྲོ་གླེང་བྱས་ཤིང་།《ཀྲུང་གོའི་དུས་རབས་གསར་བའི་གྲངས་ཉུང་མི་རིགས་བོད་ཡིག་རྩོམ་རིག་བརྩམས་ཆོས་ཕྱོགས་བསྡུས》(སྟོད་ཆ་དང་སྨད་ཆ)ཀྱི་འཚོལ་བསྡུ་གནས་ཚུལ་ལ་བགྲོ་ཞིབ་འཇུག་བྱས་པ་དང་།ཚེ་རིང་ནོར་བུ་དང་།ཉི་མ་ཕན་ཐོགས།པདྨ་ལྷ་སྒྲོན།འཇམ་དབྱངས་ཚེ་རིང་།ཟླ་སྒྲོན།ལང་ཅུན་སྣང་ས།སྐལ་བཟང་འཇིགས་མེད།ཡཱན་དབྱིན་ཤུའུ་བཅས་བོད་ཀྱི་ན་གཞོན་རྩོམ་པ་པོ་བརྒྱད་ཀྱི་བརྩམས་ཆོས་ལ་བགྲོ་གླེང་བྱས་པ་སོགས་ཀྱིས་རྒྱ་ཡིག་གི་ལམ་ནས་གསར་རྩོམ་བྱེད་མཁན་གྱི་བོད་རིགས་རྩོམ་པ་པོ་དག་གི་བྱ་བར་སྤྱི་སྡོམ་ཐེངས་ཤིག་བྱས་ཏེ་སྐད་ཡིག་གཞན་གྱིས་གསར་རྩོམ་བྱེད་མཁན་གྱི་བོད་མི་རྩོམ་པ་པོའི་དཔུང་ཁག་ཇེ་རྒྱས་སུ་འགྲོ་བཞིན་པ་དང་།བོད་ཀྱི་སྤྱི་ཚོགས་འཚོ་བའི་མཚོན་སྟོབས་དེ་ཡིག་རིགས་སྣ་མང་གི་ལམ་དུ་ཕབ་པ་ནས་འཛམ་གླིང་གི་མི་མང་པོ་ཞིག་ལ་རྩོམ་ཡིག་སྒྱུ་རྩལ་གྱི་ལམ་ནས་ངོ་སྤྲོད་དང་མྱོང་བ་སྤྲད་པའི་དགེ་མཚན་དེ་མངོན་ནས་ཡོད་པ་རེད།
 
 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླའི་རྫོང་ལ་བསྔོས་པ།
  • ལེ་ཚན་རྗེས་མ།:གསར་བྱུང་རིག་གནས་དང་དུ་ལེན་ཐབས།