སེམས་ཀྱི་ཉི་ཟླའི་རྫོང་ལ་བསྔོས་པ།

ཀན་ལྷོ།(མདོ་སྨད་ཧེ་རུ་ཀས།)        2014-01-23

   རྣ་བ་བླགས་ཏེ་ཉན་ཉན་རྗེས།སེམས་པ་འཁེན་ནས་སོང་སོང་སྟེ།དུས་ནམ་ཞིག་ལ།ཁྱོད་ཀྱི་གམ་དུ་འབྱོར་སོང་བའི་སེམས་པ་ནི་དྭངས་གཙང་གི་མཚོ་མོའི་མཁའ་མཐའ་འབྱོར་ནས།མཛེས་སྡུག་བསིལ་རླུང་དལ་གྱིས་རྔུབས་པ་དང་དབྱེར་མེད་ཡིན་སྙམ།
    བཙག་རླུང་གི་སྔུན་ནས་འགྲེང་མྱོང་བའི་ཡུལ་མཐའི་མགྲོན་པོ་ཞིག གངས་འཁྱག་གི་སྲུབ་ལས་འདུར་མྱོང་བའི་ས་མཐོའི་བུ་ཕྲུག་ཅིག སློག་ཧྲུལ་དང་པགས་རྩག་ལས་དྲོད་ཁོལ་འཚོལ་ཞིང་བཙལ་བའི་མཐའ་མཇུག་གི་བསོད་ནམས་ནི་ཆུ་རྒྱུན་ཞིག་སྟེ།སྙིང་ནས་ལྷོག་ལྷོག་གི་གདུས་ཏེ་ན་ཟུག་གིས་འཕྱུར་ཡོང་ནས་ཁྱོད་ཀྱི་དག་ཞིང་ལ་འཐིམ་དགོས་ཚུལ་ཡང་ལྷ་སྒྲུང་ཞིག་ག་ལ་ཡིན། ངའི་མེས་པོ་དག་གིས་ཡིད་སྤྲོ་བའི་གཏམ་རྒྱུད་ཀྱི་བར་གསེང་ལ་བཅུག་པའི་ཉི་མ་ལྷ་སའི་ཕུག་ན།འོད་ཀྱི་ལེར་འཛུམ་པ་སེམས་ཀྱི་ཉི་ཟླ་ཁྱོད་ཡིན།
    བདག་གིས་མཁའ་ལམ་འགྲིམ་ནས་བདག་གིས་མཚན་ལམ་བརྒྱབ་སྟེ།ཁྱོད་ཀྱི་པང་ལ་འབྱོར་བྱུང་བའི་བརྩེ་སེམས་ཉིད་ནི།མཛེས་སྡུག་གི་བུ་མོ་ཞིག་ལ་འཁུར་མགོ་གཏད་འདྲའི་རང་བྱུང་དང་ལྷུན་ཆགས་ཤིག་ལ་འཁྱུད་འཁྱུད་གནང་འདྲའི་ཤིང་མཁར་དང་རྡོ་བའི་རི་མོ་སྟེ།གྲམ་གཞུང་གི་ཆུ་མོ་དང་ན་ཐང་གི་མཚོ་མོ་ཡིན་སོང་།
    རྒྱང་རིང་ནི་གཙང་པོ་ཞིག་གི་ཕར་ངོགས་ཡིན་ཟེར།རྒྱང་རིང་ནི་རི་བོ་ཞིག་གི་ལྟག་རྒྱབ་ཡིན་གསུངས།སེམས་ཀྱི་ཁྱུ་འདྲོགས་སླ་བའི་མཚོ་མོ་ཉིད་ནི།ངའི་འཁུར་མགོར་འགྲིལ་པའི་དྭངས་གཙང་མཆི་མ་རྡོག་གཅིག་སྟེ།
    དྲན་གདུང་གི་ཁུད་སོར་སྤུངས་པའི་ཉི་འོད་དང་དེའུ་འབུར་ཡིན། དེའི་ཡང་སྟེང་ལ་འཕྲོས་པའི་འོད་དང་བསིལ་རླུང་གི་དྲོད་ཁོལ་ལགས།
  • ལེ་ཚན་སྔོན་མ།:བཤེས་གཉེན་དམ་པ།
  • ལེ་ཚན་རྗེས་མ།:2013ལོའི་བོད་ཀྱི་རྩོམ་རིག་སྐོར་གྱི་དོན་བྱ་ཆེན་པོ་བཅུ།