ཕ་ས་ཕ་ཡུལ།
རྨ་ལྷོ།(མོག་ཟླས་བྲིས།) 2014-01-16
གནའ་སྔ་མོའི་སྔ་མོ་ནི་སུས་ཀྱང་རེག་མི་ཕོད་པའི་ཆུ་ཐིགས་འོད་དྭངས་ངེ་བ་དེ་ཡིན།རྩྭ་རྐང་གི་འགོ་བོ་རྟ་ཕོའི་ཡོབ་མིག་ལ་འཛིངས་ཤིང་།རྩྭ་ཟིལ་གྱིས་ཕོ་རྒོད་ཀྱི་ལྭ་འདབས་བརླན།འུར་རྡོ་ཡིས་གཉིད་ཀྱི་འདབ་ཆགས་དང་རི་དྭགས་དཀྲོག་མི་སྲིད་པའི་དུས་འདི་ཡིན།
གནའ་སྔ་མོའི་སྔ་མོ་ནི།སྦྲ་ནག་གི་རུ་དཔུང་སྟོབས་དང་ཟིལ་གྱིས་འདྲེན་ལ། མདུང་རིང་ཡུ་བ་བལ་དཀར་གྱི་ཁ་ཆུས་དཀྲིས།ཕྱུགས་དཀར་ནག་གི་རི་མ་ཐང་ལ་བརྡལ་ཞིང་བཙན་དབུ་རྨོག་གི་རྩེ་མོ་དགུང་ལ་ཟུག་པའི་དུས་དེ་ཡིན་ལ། ཨ་ཕའི་སོག་དཔུང་གི་ཤ་རྒོད་ལ་ངར་ཤ་བདོ་བའི་དུས་དེ་ཡིན།
གནའ་སྔ་མོའི་སྔ་མོ་ནི།ངའི་མེས་པོ་གནས་འདིར་ཡོང་མ་ཐག་པའི་དུས་དེ་ཡིན་སྲིད་ལ།བློ་རིག་གི་མེ་ཁ་གསོས་པའི་དུས་དེ་ཡང་ཡིན་སྲིད།
ལོ་ངོ་བརྒྱ་ཕྲག སྟོང་ཕྲག ཁྲི་ཕྲག སྲིད་པའི་ལྷ་མང་གི་སྒྲུང་རབས་རིང་པོའི་ཁྲོད་དུ།གངས་ཀྱི་ར་བར་ཐལ་རྡུལ་དང་ལྷགས་རླུང་འཚུབ་ཅིང་།རླུང་དམར་གྱི་ཀ་བ་ཆེན་པོ་དགུང་ལ་ཟུག གནའ་བོའི་རྭ་དུང་གི་སྦུབས་ནས་གངས་གཤོང་གི་རྨི་ལམ་འཁྲིགས་པའི་ལོ་ཟླ་ཤུགས་ཀྱིས་གྲག
སྦྲ་རྒན་དུ་བ་ཅན། འབྲོག་རྒན་རལ་བ་ཅན། གངས་ཀྱི་སྒང་གཤོང་ན་གཡོ་ཞིང་འདར།བདག་གི་མིག་ཤེད་ཀྱིས་མ་འདང་བ་མིན་ན། བརྟན་ཚུགས་མིན་པའི་དངོས་པོ་ཁྲི་འབུམ།སྒྱུ་མའི་ཚུལ་གྱིས་ནམ་ཡང་གཡོ་འགུལ་ལ་བྲེལ།ངས་ཐག་རིང་གི་སྨུག་རྒྱུའི་གྲོང་གི་སྐད་ཅིག་མ་དེ་མཐོང་།
དོན་ངོ་མས།ངའི་ཕ་ས་འདི་དང་ཐེངས་འགར་བྲལ་ཞིང་།རང་གི་ལུས་པོའི་ཕྱི་ཤུན་འདི་དང་ཐེངས་འགར་བྲལ།ཐག་རིང་ས་ནས་ཕྱིར་ལྟ་བྱས་ན། ཕ་ས་འདིའི་འདས་ཟིན་པའི་སྐྱེ་བའི་ཕྲེང་བ་མང་པོ་ཞིག་མིག་ལ་ཐོགས་ཡོང་།ལུ་གུ་རྒྱུད་དུ་བསྟར་བའི་མི་ཡི་ཕྲེང་བ་ཞིག སློག་པ་གྱོ ན་ཞིང་རལ་བ་འཕྱང་བའི་མི་རབས་ཤིག་བསྟར་དུ་བསྒྲིགས།
མ་འོངས་པར་ང་རང་འཆི་སྲིད།དེ་ནས་སླར་ཡང་སྐྱེ་སྲིད།སྐྱེ་བའི་གོ་རིམ་མང་པོ་ཞིག་བརྒྱུད་དེ་ཕྱིར་གནས་འདིར་ཐོན་དུས།གཡོ་འཁྱོམ་ཁྲོད་ཀྱི་དངོས་པོ་ཡོད་ཚད་མི་ཚོགས་གྲངས་མེད་སྔར་ནས་ག་ཤེད་དུ་ཚོང་ཚར་ཞིང་། མི་གཞན་སྐོར་ཞིག་མགོ་བོ་མང་པོ་རུབ་རུབ་བྱེད་ཅིང་།ཡང་བསྐོར་བསྐྱར་བསྐོར་གྱིས་རུབ་རུབ་བྱེད་ཀྱིན་འདུག དེ་དུས།ངས་ཕ་ས་ཤེས་དཀའ་ལ།ཕ་ངོ་འཕྲོད་དཀའ།རྒྱུས་མེད་ཀྱི་མི་ཚོགས་ཤིག་དང་ལྷན་དུ་ཉི་མ་དེ་བས་འཁྱོལ་དཀའ།
མཐོ་ས་འདིའི་ཤི་ཟིན་པའི སྐྱེ་བཞིན་པའི་རྣམ་ཤེས།ས་བོན་གྱི་རྡོག་པོ་རེ་རེ།སོན་དུ་བཏབ་ཅིང་།སླར་ཡང་སྐྱེས་པའི་སྨྱུ་གུ སྐྱེ་བ་སྔ་ཕྱིའི་གོ་རིམ།ལས་སྐལ་གྱི་ཆོས་ཉིད་ལ། ང་ཡི་བསམ་བློ་འཁོར་ཞིང་ཞིབ་པར་དཔགས།ང་ཡི་མ་མཐོང་བ་དང་མ་ཐོས་པའི་བྱ་དངོས་ཁྲི་ཁྲག་གིས་ང་རང་ལྐོག་ཏུ་འཐེན་ཞིང་དལ་བུར་འཁྲིད་ཀྱིན་འདུག འབྲོག་སྡེ་འདི་དང་མགོ་ནག་གདོང་དམར་འདི།ཁད་ཀྱིས་གྱེས་ཀྱིན་པའི་སེམས་ཁྲལ་ཞིག་སྐྱེ་བཞིན་འདུག དེ་དག་ཡོད་ཚད་ངའི་སྣང་ངོར་འཇའ་གཟུགས་ཀྱི་ངོ་བོར་གྲུབ་དང་འགྲུབ་ཀྱིན་འདུག ཅི་ཡིན་ན།འདི་ནི་ངའི་ཕ་ས་དྲོན་མོ་རེད།