མཛེས་པའི་ཕ་ཡུལ།

སི་བོད་སློབ་གྲྭ(སྐལ་བཟང་བསྟན་འཛིན་གྱིས་བྲིས།)        2014-01-13

  དར་རྩེ་མདོའི་བྱང་ཕྱོགས་ནས་བྱང་ཕྱོགས་སུ་ལ་དང་ལུང་རྒྱུད་འགའ་ཞིག་བརྒྱུད་པ་ན། གྲོང་སྡེ་ཆུང་ཆུང་ཞིག་ཆགས་ཡོད།དེ་ནི་བདག་གི་ཕ་ཡུལ་རོང་བྲག་རྫོང་ཉིད་རེད།
    ངའི་ཕ་ཡུལ་ལ་གདོད་མའི་ནགས་ཚལ་སྡུག་པོ་ཧ་ཅང་མང་པོ་ལྡན་པར་གཅན་གཟན་དང་རི་དྭགས།འདབ་ཆགས་རིགས་སྣ་ཚོགས་སོགས་བགྲང་གིས་མི་ལང་བ་ཞིག་གིས་འཚོ་གནས་བྱེད་བཞིན་ཡོད་པ་རེད།
    དབྱར་དུས་སུ་གཡུ་མདོག་གི་ནམ་མཁའ་ནས་རབ་དཀར་འོ་གསར་ལྟ་བུའི་སྤྲིན་དཀར་ལྡང་བ་དང་རི་ལུང་ཀུན་ཏུ་མེ་ཏོག་དཀར་སེར་དམར་ལྗང་བཞད་ནས་མཛེས་ཉམས་འགྲན་པའི་རིགས་སུ་མཐུན།གསེར་གྱི་ཉི་མའི་འོད་ཟེར་ས་གཞི་ཆེན་པོར་འཕྲོས་ནས་ལྗོན་ཤིང་གི་འབྲས་བུ་གཡུར་དུ་ཟ།སོ་ནམ་གྱི་ལོ་ཏོག་གི་སྐྱེ་ཉམས་ལེགས་སུ་འགྱུར་དུ་བཅུག དུས་དེར་བདག་གི་ཕ་ཡུལ་ནི་མེ་ཏོག་སྣ་ཚོགས་ཀྱིས་རྒྱན་པའི་སྐྱེད་ཚལ་གྱི་རིགས་སུ་མཐུན།
    དགུན་དུས་སུ།ཁ་བའི་འདབ་མ་ལྷབ་ལྷུབ་བབས་ནས་རི་བོ་ཚང་མར་རབ་དཀར་ཁ་བའི་གོས་བཟང་གིས་བཀླུབས།ཤིན་ཏུ་བརྗིད་ཉམས་ལྡན་པའི་གངས་རི་དཀར་པོ་ནི་དམག་མིས་མེ་མདའ་འཁུར་བ་ནང་བཞིན་ཧ་ཅང་དྲང་པོར་གནས་ཡོད།
    ད་དུང་བདག་གི་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ།རྫོང་ཁོངས་ཀྱི་གཞུང་ལམ་ཚང་མ་འགྱིག་སྣུམ་བཏིང་བའི་བདེ་བགྲོད་ལམ་དུ་གྱུར།རིགས་སྣ་ཚོགས་ཀྱི་རླངས་འཁོར་དུས་རྒྱུན་དུ་ལུ་གུ་རྩེ་བ་ནང་བཞིན་གཞུང་ལམ་ཐོག་ལ་ཕར་འགྲོ་ཚུར་འོང་བྱས་དང་བྱེད་བཞིན་འདུག འཚོ་བའི་དཔལ་འབྱོར་འཕེལ་ཕྱོགས་དབྱར་མཚོ་རྒྱས་པའི་དཔལ་ལ་འགྲན།ངས་དུས་དང་རྣམ་པ་ཀུན་ཏུ་རང་གི་ཕ་ཡུལ་འཕེལ་རྒྱས་བཏང་བ་ལ་བལྟས་ནས་ཕ་ཡུལ་གྱི་ཡུལ་གྲུ་གསར་པ་བསྐྲུན་པར་སྨོན་འདུན་ཞུས་པ་ཡིན།
  • ལེ་ཚན་སྔོན་མ།:གྲོགས་པོར་འབུལ་བའི་སྐྱེལ་ཚིག
  • ལེ་ཚན་རྗེས་མ།:ཕ་ས་ཕ་ཡུལ།