གྲོགས་པོར་འབུལ་བའི་སྐྱེལ་ཚིག

        2014-01-13

  གསེར་མདོག་གི་ལོ་འབྲས་འཕུར་བའི་དུས་ཚིགས་ཤིག་ལ།ཟླ་འོད་བཞིན་ལྷག་བསམ་གྱི་བཞད་པའི་ཁྱོད།ཁྲུང་ཁྲུང་བཞིན་ཕུགས་བསམ་དང་གཤོག་སྣེ་ལྷོ་ལ་གཏད།ཁྱོད་རང་འཕུར་དུས།ཁྱོད་ཀྱི་གྲིབ་གཟུགས་གཉོམ་པོས་ངའི་དྲན་པ་དམར་པོ་ས་ལ་གཏོར་།
    ཁྱོད་ཀྱི་དྭངས་གཙང་གི་སྨྲ་བརྗོད་དེས།ངའི་མིག་འབྲས་ཟིལ་བས་སྒུལ་ཡང་ཁྱོད་རང་འཕུར་དུས།ངས་ད་དུང་བྲལ་གདུང་གི་རྣོ་དབལ་བཟོད་བསྲན་གྱིས་བཀག་སྟེ།འཛུམ་མདང་མངར་མོ་ཞིག་གིས་ཁྱོད་ལ་སྐྱེལ་མ་ཞུས།
    ཁྱོད་རང་འཕུར་དུས།བདག་ལ་སྨྲ་བརྗོད་ཀྱིས་སྟོང་བ་བདེན་མོད།མཛའ་བརྩེ་དང་ཕྱི་ཐག་གི་ཨ་ལུང་སྒོར་མོས།ཁེར་རྐྱང་གི་ཟླ་གཟུགས་མོག་པོ་སྐྱོ་གྲོགས་སུ་འབོད་པ་ཨེ་ཐོས།ཁྱོད་འཕུར་དུས།སྒེའུ་ཁུང་གི་འགྲམ་ངོགས་སུ་མགོ་བོ་བསྒུར་ཏེ་ཕྱི་མིག་དང་ཕྱག་བརྡ་མེད་དོན་ཅི།ལོ་ཟླ་མང་པོར་ཁྱོད་ངའི་མཐའ་འཁོར་གང་རུང་དུ།ཀུ་རེ་དང་བརྩེ་འཛུམ་གྱིས་བབས་ཤིང་།བདག་ལ་དྲན་སྣང་ཁྲི་ཕྲག་གི་མཚན་འབར་བསྒྲོན་རྗེས།ཁྱོད་རང་གཟི་བརྗིད་ཀྱིས་འཕུར་སོང་།ཁྱོད་ཀྱིས་ལྷོ་ལམ་རིང་མོ་དཀའ་ཁག་གིས་བརྒྱུད་དུས།སེམས་པའི་གཏིང་རུམ་དུ་ཉར་བའི་འུ་ཅག་གི་མནའ་རྟེན་དེ་ཐེངས་མང་ཀློག་སྲིད། ངས་ཀྱང་བདེ་སྨོན་གྱི་དབྱངས་རྟ་མཐོན་པོར་བསྐྱེད་ནས་ལྷ་ཚོགས་གྲངས་མེད་ཀྱི་མཁའ་དབྱིངས་སུ་བཏབ་ཡོད།
    བྱ་རྒོད་འཕུར་སོང་།འཕུར་ཤུལ་དུ་སྟོང་སིང་སིང་གི་ཁང་མིག་འདིའི་ཡོད་ཚད།ཟླ་བ་བཅུ་པའི་གངས་ཐང་བཞིན།ཧ་ཅང་འཁྱག ཁྱོད་ངའི་དྲན་ཤིང་གི་རྩེ་མོར་བབས་པས།འགྲུལ་བཞུད་ཀྱི་ལམ་དུ་ཕམ་ཉེས་དང་དཀའ་སྡུག་བརྗེད་ཅིང་།ཁྱོད་རང་ལྷོ་ཕྱོགས་སུ་འཕུར་དུས།ངས་རོལ་དབྱངས་བསྐྱུར་མོ་ཞིག་ལ་སེམས་ངལ་གསོས།ཁྱོད་རང་འཕུར་རྗེས།ང་ལ་བཞག་པ་ནི་ཐ་མག་གི་དུ་བའི་ཀློང་ན་སྦི་རག་གི་འཕྱུར་རྒྱུན་དང་མཉམ་དུ།བཟི་ཁ་བཙན་པོ་འདིའི་དྲོ་སྐྱིད་ལ་ཡང་ཡང་བསྒུགས་ནས་ངས་རང་ཉིད་ཁེར་རྐྱང་ཡིན་པ་ད་གཟོད་ཚོར།
    ངའི་དྲན་པ་དམར་པོ།འཆར་ནུབ་མེད་པའི་ཉི་འོད་བཞིན།ཁ་རོག་གེར་སྟོང་སིང་སིང་གི་མཁའ་དབྱིངས་རེ་ན།ཁྱོད་ཀྱི་ལྷིང་འཇགགས་ཀྱི་རྨི་ལམ་སྲུང་བའི་སྐྱེས་ལྷ་ཡིན། ཁྱོད་ནི་སྟོན་མཇུག་གི་ཁྲུང་ཁྲུང་བཞིན།ཕ་ཡུལ་གྱི་རི་ཆུ་ནགས་གསུམ་བསྒྱུར་ཏེ་ལྷོ་ཕྱོགས་སུ་ཉུལ།ཁྱོད་སོང་རྗེས།ངས་སྙན་ངག་ཐ་ཐོར་ཞིག་སེམས་པས་སྒོམ་བཞིན། གསེར་མདོག་གི་གཡའ་ལོ་འཐོར་བའི་གཏམ་རྒྱུད་ཡང་ཡང་བཀླགས།
    རྒོད་པོ་ལགས།ད་དུང་ཁྱོད་ཀྱིས་དྲན་ནམ།འུ་ཅག་ལྷན་འཛོམས་ཀྱི་མཚན་མོ་དེར།གསོལ་སྟོན་གྱི་རྔམས་ཁ་སྟུག་ཅིང་།གླུ་སྐད་དང་དགོད་སྒྲ་ཅི་འདྲའི་མཐོ་བ་ལ་ཨང་།
    ཁྱོད་གློག་ཞགས་ལྟར།ངའི་དྲན་པའི་ཁོང་གསེང་ནས་འཁྱུག་ཐེངས་རེ་རེར།དབེན་པའི་ཁང་རྙིང་དེ་དྲན་ཞིང་།སེམས་པ་རྡོག་རྡོག་ཅིག་སྙིམ་པར་གཏད་པའི་དྭངས་གཙང་གི་ཚིག་འབྲུ་དེ་དག་གི་རློན་ཤ་དྲན།
    ངས་འཁྱག་ཤི་ཐེབས་པའི་རང་སེམས་ལ་མེ་ཁ་གསོ་བཞིན།ཞེན་ཆགས་དེའི་སྟོབས་ཀྱིས་མི་ཚེའི་འགྲུལ་བཞུད་ཀྱི་ལམ་སྣེ་བོར།དེའི་རྐྱེན་གྱིས།ཉིན་མཚན་གྱི་དབྱེ་བ་མེད་པར་རེ་སྒུག་གི་སྙིམ་པ་ཐོད་ལ་བླངས།ཐག་རིང་ན།ཁྱོད་བདེའམ།ཁྱོད་ཀྱི་མཐའ་འཁོར་ན་གླུ་ངག་དང་དགོད་སྒྲ་ཨེ་ཡོད།ཁྱོད་ཀྱིས་སྙན་ཚིག་གི་མགུལ་རྒྱན་བསྒྲིགས་ནས་ནམ་རྒྱུན་ངའི་ཕྱོགས་ལ།སེམས་པ་ངོ་མ་དེ་སྟོན་བཞིན་ཨེ་ཡོད།
    དེ་རིང་ཁྱོད་དང་ངའི་བར་ཐག་དཔག་ཚད་ཀྱིས་ཆོད་པས་ཁྱོད་ཀྱི་ཡོད་ཚད་ལ་འཇོན་ཐང་ལྡན་ཞིང་།ངའི་སེམས་ཁོང་གི་སྙན་ངག་ལ་ནམ་ཡང་གཟིམ་རྒྱུ་མེད།
    ངའི་ལྗང་མདོག་དང་དྲོད་སྐྱིད་ཁུར་བའི་རྒོད་པོ་ལགས།ཡོད་ཚད་ཁྱོད་ཁོ་ནར་དབང་བས།མཛའ་བརྩེ་དང་ཕྱི་ཐག་གི་སེམས་གཞས་ཕྲ་མོ།སྤྲིན་དཀར་ལ་བཅོལ་བ་ཨེ་ཐོས།རྒྱང་རིང་གི་ངའི་ཉེ་བའི་རྒོད་པོ་ལགས།ཁྱོད་ནི་ངའི་སྙིང་ཉེ་བའི་ཟོལ་མེད་ཀྱི་གྲོགས་པོ་ལགས།
  • ལེ་ཚན་སྔོན་མ།: ཆུ་ནི་ཚེ་སྲོག་གི་འབྱུང་རྩ་ཡིན།
  • ལེ་ཚན་རྗེས་མ།:མཛེས་པའི་ཕ་ཡུལ།