ཆུ་ནི་ཚེ་སྲོག་གི་འབྱུང་རྩ་ཡིན།

ཕུར་སྲུང་སྐྱབས་ཀྱིས།        2013-12-19

ཆུ་ནི་ཚེ་སྲོག་གི་འབྱུང་རྩ་ཡིན།

   གོ་ལ་ཟླུམ་པོ་འདིའི་སྟེང་དུ་ཆུ་ནི་ངེད་ཅག་འགྲོ་བ་མིའི་རིགས་དང་རང་བྱུང་སྐྱེ་དངོས། བྱ་བྱི་འབའ་འབུ་སོགས་ལ་སྐད་ཅིག་ཙམ་ལའང་ཁ་འབྲལ་མི་རུང་བའི་ཚེ་སྲོག་གི་ཁྲག་རྒྱུན་རེད། དེ་བས་ངེད་ཅག་གིས་ཆུ་ཕྲན་སྔོན་མོ་འདི་ལ་ངེས་པར་དུ་སྲུང་སྐྱོབ་དང་བདག་སྐྱོང་ལེགས་པོ་བྱེད་དགོས་པ་ནི་དུས་རབས་ཉེར་གཅིག་གིས་སྤྲད་པའི་འོས་འགན་རླབས་ཆེན་ཞིག་ཡིན།
    ཆུ་ནི་གངས་རི་དང་རྫ་རིའི་སྙིང་ཁོང་ནས་བག་ལྷོད་དལ་གྱིས་རྒྱུ་བཞིན། ངེད་ཅག་ཚོའི་འཚོ་བ་ལ་མཛེས་སྡུག་གི་བཀྲག་མདངས་ལེགས་པོ་ཞིག་སྐྲུན་པའི་བྱེད་པ་པོ་རུ་གྲུབ། ཁོ་ནི་རང་བྱུང་གི་བཀོད་པ་ལྷུན་གྱིས་གྲུབ་པའི་ཞིང་ཁམས་འདི་ནས་ངེད་ཅག་འགྲོ་བ་མིའི་རིགས་དང་རི་སྐྱེས་སྲོག་ཆགས། སྐྱེ་དངོས་རྩི་ཤིང་སོགས་སྐྱེ་འགྲོ་མཐའ་དག་གི་དབུགས་ཀྱི་རྒྱུ་བའི་བདག་ཉིད་དུ་གྱུར་པས་འཇིག་རྟེན་འདིའི་ཚེ་སྲོག་ཐམས་ཅད་ཀྱི་གཟུང་ཐག་རེད་ཅེས་བཤད་ཆོག་ཆོག་ཡིན་སྟབས། ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་ནན་མོ་བྱེད་དགོས། ཆུའི་ཐིགས་པ་རེ་ཡང་འོས་འཚམ་གྱིས་བཀོལ་སྤྱོད་བྱས་ན་ས་བཅུད་སྲུང་འཛིན་ལ་ཕན་འབྲས་བླ་ན་མེད་པ་འབྱུང་ཁོ་ཐག་ཡིན། རྒྱུ་མཚན་ནི་དེང་སྐབས་ཚན་རིག་གི་ཉི་འོད་ཕྱོགས་བཞིར་འཕྲོས་པས་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱང་སྔར་ལས་ལྡབ་འགྱུར་ངང་ཇེ་རྒྱས་སུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་དུ་སྣང་མོད། འོན་ཀྱང་བླུན་རྨོངས་བ་འགའ་ཤས་ཀྱིས་ཧམ་སེམས་ཀྱི་མེ་ལྕེ་མཁའ་ལ་འཕྱུར་བཞིན་གང་འདོད་དུ་ས་རྐོ་རྡོ་སློག་བྱས་ནས་གཏེར་རྫས་དང་སྨན་རྫས། ནགས་ཚལ་སོགས་འཆར་གཞི་མེད་པར་ཅི་དགར་བརྐོས་པས། ངཚོའི་ཚེ་སྲོག་གི་འབྱུང་ཁུངས་དྲོན་མོ་སྟེ་ཆུའི་ཐོན་ཁུངས་ལ་གནོད་པ་ཆེན་པོ་བཟོས་པས་ཆུའི་བཞུར་རྒྱུན་ཉིན་རེ་ལས་ཉིན་རེར་ཇེ་ཉུང་དུ་འགྲོ་བ་དང་དྭངས་གཙང་གི་ཆུ་བོ་ལ་སྦགས་བཙོག་ཚབས་ཆེན་ཐེབས་བཞིན་ཡོད། འདི་ལྟར་དུས་ཡུན་རིང་པོ་ཞིག་འགོར་ཚེ་ང་ཚོ་འཚོ་སྡོད་བྱེད་པའི་འཇིག་རྟེན་འདི་ཡང་མེད་པར་འགྲོ་བའི་ཉེན་ཁ་ཆེ་བས་ཚང་མས་ཆུ་ཐིགས་ཀྱི་ཟེགས་མ་རེ་ལའང་གྲོན་ཆུང་བྱེད་རོགས།
  • ལེ་ཚན་སྔོན་མ།:མིག་ཆུའི་ཁྲོད་ཀྱི་ཟིན་ཐོ།
  • ལེ་ཚན་རྗེས་མ།:གྲོགས་པོར་འབུལ་བའི་སྐྱེལ་ཚིག