གཟའ་ཉི་མ།
སྟག་རིག་འབྲུག་ཐར། མཚོ་སྔོན་པོ་དྲ་བ། 2013-12-09
ཁོ་རང་མལ་ཁྲིའི་ཙག་སྒྲའི་ཁྲོད་ནས་ཨ་ལོག་ལན་འགའ་བརྒྱབ་ནའང་། གཉིད་ཡུལ་བདེ་མོ་ཞིག་ཡེ་ནས་མ་ཡོང་ལ། ད་དུང་ཨུ་ཚུགས་མཐར་སྐྱེལ་སྒོས་མལ་དུ་ཉལ་ནའང་ནམ་སྟོད་ཀྱི་གཉིད་ཞིམ་པོ་སྦྲང་རྩི་འདྲ་བ་དེ་ཆོམ་རྐུན་ངར་བ་ཞིག་གིས་ངོ་འཕྲོག་བྱས་པ་ལྟར་ཤུལ་མེད་དུ་གྱུར། ཡིན་ཡང་དུས་ཡུན་རིང་བོར་མལ་ཁྲིའི་སྟེང་ནས་འཕག་འཚག་དུ་མ་བྱས་པ་བརྒྱུད། མག་མོག་དང་བན་བུན་ཉིས་སྡེབ་ཀྱི་རྨི་ལམ་ཐན་ཐུན་ཙམ་གྱི་ཁམས་སུ་འགྲིམ་མགོ་བརྩམས་བྱུང་། ཁོག་སྟོད་གཅེར་བུ་དང་ལྷམ་མེད་རྐང་རྗེན་དུ་ཁང་བརྩེགས་མོད་སའི་གྲུ་ཟུར་ཞིག་ཏུ་གཅིན་པ་ཤགས་སེ་གཏོང་བསམ་ཡང་། འོས་ཤིང་འཚམ་པའི་གྲ་གྲུ་གང་རུང་ཞིག་མ་རྙེད་པས། ལྒང་དབུགས་སྦོས་ནས་རྫ་རིལ་ལྟ་བུར་གྱུར་བའི་ཁོག་སྨད་སྐྱོར་ཏེ་ཡར་མར་གཡས་གཡོན་དུ་འཚབ་འཚུབ་ངང་ག་འདྲ་བསྐྱོད་ན་ཡང་ཕ་ཡུལ་གྱི་རྩྭ་ཐང་བཞིན་ཁོད་ཡངས་པའི་གཞི་རུ་སེམས་བདེ་མོའི་ངང་རྒྱངས་སེ་གཏོང་བའི་བར་གླགས་ཤིག་ཨེན་ཙམ་ཡང་མ་རྙེད་པ་རེད། གཅིན་གཏོང་ས་འོས་མོ་ཞིག་མ་རྙེད་པའི་མཚམས་དེར་ཞེ་སྡང་འདྲེས་མའི་ཀི་རིང་ཞིག་གི་ཁྲོད་ནས་ཁོ་རང་རྨི་ལམ་གྱི་ཁུད་ནས་ཐོལ་གྱིས་སད་བྱུང་། མིག་གི་འབྱེད་འཛུམ་བར་ནས་ཧྲིག་གེར་བལྟས་དུས་སློབ་གྲོགས་ཚང་མ་རང་རང་གི་ཉལ་ཁྲིའི་ཐོག་ཏུ་གཡས་ཉལ་གཡོན་ཉལ་དང་སྣ་གསུ་ཡང་མོ། སྔུར་བ་དྲག་པོ་སོགས་ཀྱིས་ཁོད་ཆུང་བའི་ཉལ་ཁང་གི་ཁོར་ཡུག་ཧྲིལ་བོ་བདེ་འབོལ་ལེར་སོས་དལ་ལེར་སྐྱིད་སྣང་གི་ཐ་སྙད་ཅིག་གིས་ཡོངས་སུ་གཡོགས་འདུག
དེ་མ་ཐག་ཁོས་གཉིད་མ་སད་དུ་ཚེགས་ཀ་ཞིག་སྡིགས་དམོད་ལ་གཞིབས་ནས་ཐོག་ཁྲི་རུ་འཁྱར་འཁྱོར་ངང་མར་བབས་ཏེ་འཁྱལ་མ་ལྡར་དུ་སྤྱོད་ཁང་གི་ཕྱོགས་སུ་ཤར་རེ་སོང་། ཕྱིར་མལ་ཁྲིར་འགོས་ནས་སྐར་བཅུ་ཁ་ལས་མ་སོན་པའི་སྐབས་དེར་སྔས་མགོར་བཞག་པའི་ཁ་པར་ལས་ཡུན་ཐུང་རོལ་དབྱངས་ཤིག་གི་སྒྲ་གྲགས་བྱུང་། ཁ་པར་ཕྱེ་ནས་བལྟས་དུས། སྔ་དྲོའི་ཆུ་ཚོད་དགུ་གཟུར་འདུག་ལ། མི་རིགས་སློབ་གྲྭ་ཆེན་མོའི་གྲོགས་པོ་སངས་རྒྱས་ཀྱིས་བསྐུར་བའི་འཕྲིན་ཐུང་ཞིག་རེད།
“དེ་རིང་གཟའ་ཉི་མ་ཡིན་པ་བརྗེད་སོང་ངམ། གཟའ་ལྷག་པའི་ཉིན་ཁྱོད་ཀྱིས་བཤད་པའི་ཨང་གྲངས་དེའི་བདག་མོ་དང་ངེད་གཉིས་ཀྱིས་ཉིན་འདི་འགར་ཟམ་མ་ཆད་པའི་འབྲེལ་གཏུག་བརྒྱུད། དེ་རིང་མོའི་གྲོགས་མོ་ཞིག་དང་མཉམ་དུ་ཐུག་འཕྲད་བྱ་རྒྱུའི་དུས་ཆད་བཞག་ཡོད། ཁྲིགས་ཁྲིགས་མེད་ན་སྤྱང་ཀིའི་ཁ་ནང་དུ་མ་མོ་ཡ་མེད་གཉིས་ཡོང་བ་ཁོ་ཐག་རེད་སྙམ”ཞེས་ཡིག་ཚོགས་ཅུང་མང་ཡང་ཁོ་ལ་མཚོན་ན་ཡིད་འགུག་ལྕགས་ཀྱུའི་གཏམ་བཟང་ཞིག་རེད།
སློབ་ཆེན་སློབ་མ་རྣམས་ལ་མཚོན་ན་གཟའ་ཉི་མའི་འཚོ་བ་ནི་བྲེ་སེར་འབྲོང་གི་རྭ་བར་ནས་ཐར་བ་དང་རྒྱ་སྟག་དམར་པོའི་མཆེ་བར་ནས་ཐར་བ་ལྟ་བུའི་རང་དབང་གི་བར་སྟོང་ལེགས་གྲས་ཤིག་ཡིན་ལ། སློབ་གྲོགས་གསར་བུ་རྣམས་ལ་དཔལ་འབྱོར་གྱི་ཡོང་ཁུངས་མོད་པོ་ཞིག་ཡོད་ཚེ། དྲ་ཁང་ཆང་ཁང་ཉུལ་བ་དང་ཚད་ཐིག་མཐོན་པོའི་ཟ་ཁང་དུ་རྒྱས་ཟ་རྒྱས་འཐུང་བྱེད་པ་རེད། འོན་ཀྱང་སློབ་གྲོགས་མོ་གསར་ཚོ་དེ་ལས་ལྡོག་སྟེ་རྒྱས་སྤྲོས་ཆེ་ཞིང་ཤོང་རྒྱ་ཆེ་བ། གསར་དར་མིག་དབང་འགུག་པའི་གྱོན་གོས་ཚོང་ར་མྱུལ་རྒྱུར་དགའ་བའི་མི་ཚད། ད་དུང་གླིང་ག་དང་གནས་ས་གྲགས་ཅན་དུ་ཁམས་གཡེང་ཕྱག་མཇལ་དུ་འགྲོ་བའང་ཅུང་མང་མོད། འོན་ཏེ་མཚམས་ལན་རེར་གཉིས་ཀའི་དགའ་ཕྱོགས་གཅིག་ཡིན་པའི་སྣང་ཚུལ་ཡང་ཅུང་ཡོད།
བྱུང་ཡིན་ན་ཚེ་ནོར་གྱིས་བདེ་བའི་གཉིད་ཀྱི་མུ་སྐྱོང་འདོད་ཡོད་ན་ཡང་། མདོངས་མཐའ་ཅན་གྱིས་འབྲུག་སྐད་ཐོས་པ་ལྟ་བུའི་འཕྲིན་ཐུང་དེས་ཁོའི་ཞིམ་པོའི་གཉིད་ཀྱི་བདེ་བ་དྲུངས་ནས་ཕྱུང་བ་རེད། མྱུར་མོར་མལ་ལས་ལངས་ཏེ་སོ་བདར་ངོ་འཁྲུད་ཀྱི་སྦྱོར་བ་སྟབས་བདེ་ཞིག་བྱས་ཚར་རྗེས“Nikeརྟགས་ཅན”དང“adidasརྟགས་ཅན”གྱི་མདོག་ལྡན་གྱོན་གོས་རིན་གོང་སྒོར་ཉིས་བརྒྱ་ཡན་གྱི་ཤོམ་ལྭ་དེ་དག་རེ་རེ་བཞིན་གྱོན་ཞོར་ལུས་གཟུགས་ཤིང་རྟ་གང་བོ་ཆུད་ཙམ་གྱི་མཐོ་ཚད་ལ་རྨིད་གཉིས་ཙམ་ཡོད་པའི་དྭངས་གསལ་མེ་ལོང་དུ་གཡས་གཟུར་གཡོན་གཟུར་དང་ལག་པས་འཐེན་འཐེན་གྱིས་ལུས་ལ་མཛའ་སྙམ་རྗེས་དེང་རབས་ཀྱི་ལུགས་གསར་ལ་གཞོལ་བའི་གནག་སྣུམ་གྱི་སྐྲ་ལོའི་འཇོག་སྟངས་དེ་ལག་པ་ཟུང་གིས་གྱེན་དུ་སློང་ཙམ་སློང་ཙམ་སྒོས་ཡག་སྤྲོས་ཀྱི་གོ་རིམ་ཆ་ཚང་ཞིག་བརྒྱུད་མཐར་གཞི་ནས་ལམ་ལ་ཆས།
ཁོ་རང་རླངས་འཁོར་ཨང་རྟགས་ཉེར་གཉིས་ལ་ཙོག་ནས་ཐད་ཀར་དུས་རྒྱུན་ཁོ་ཚོ་རྩེད་ས་འཛོམས་སའི་གནས་རྙིང་གི་ཕྱོགས་སུ་བསྐྱོད། ཉེ་སྔོན་སློབ་སྦྱོང་གི་བྱ་བའི་བྲེལ་འཚུབ་ཀྱི་དབང་གིས་གཟའ་འཁོར་གཉིས་ལྷག་ལ་ཁམས་གཡེང་རྩེད་འཇོར་རོལ་བའི་གོ་སྐབས་གཏན་ནས་མ་བྱུང་བས། དེ་རིང་གི་མཇལ་འཛོམས་འདི་ལྟ་བུ་ནི་ཆུང་བྱིས་པ་རྣམས་ལོ་སར་རོལ་བར་སྒུག་པའི་སྤྲོ་སྣང་དང་ཁྱད་མི་འདུག་པའི་སྣང་ཚུལ་སྐྱེས། ཡང་གཅིག་བཤད་ན་དཔྲལ་བའི་དབྱེས་ཆེ་ཞིང་བྱ་རྒོད་ཀྱི་གཤོག་ཟུང་བརྐྱངས་འདྲའི་སྨིན་མ། དཀར་ལ་འཇམ་པའི་བཞིན་རས། བསྟར་ལ་བརྒྱུས་འདྲའི་སོ་ཕྲེང་། ལུས་བོངས་ཆེ་བའི་གཟུགས་གཞི་སོགས་ཀྱིས་ཁོ་ཚོའི་འཛིན་གྲྭའི་ནང་དུ་ཚེ་ནོར་ལ“གསར་ཡག”ཅེས་པའི་མིང་སྙན་མོ་ཞིག་བསྩལ་ཡོད་པས། མེ་ཏོག་ལྟ་བུའི་སྐྱེས་མ་རྣམས་ཀྱི་མིག་ནང་གི་གཡུ་སྦྲང་སྔོན་མོ་ཡིན། ཁོ་ལ་ཐུན་མིན་གྱི་སྒེར་གཤིས་གཉིས་ཡོད་པ་ནི་ཕོ་མོ་སུ་ཡིན་ཡང་ཆེ་ཕྱོགས་ནས་འཇིག་རྟེན་གྱི་འགྲོ་ལུགས་དང་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ། རང་རིགས་ལ་དུངས་པ་སྟོན་པའི་མཉེས་གཤིན་གྱི་གཏམ་སྨྲ་བར་མོས་པ་ཡོད་ལ། ཆུང་ཕྱོགས་ནས་ཀུ་རེ་དང་ཁ་མཚར་ལ་སྲིད་པ་རྒན་པོའི་གཏམ་དཔེ་སྦྱར་ནས་སྡུག་དུས་དགའ་སྤྲོའི་ཡོ་ལང་སློང་ཐུབ་ཅིང་། ཁོམ་དུས་རྩེད་དགའ་སྣ་འཛོམས་སྟེར་བའི་མི་སྤྲོ་སྣང་ཅན་ཞིག་ཡིན། ཕྱོགས་གཞན་ཞིག་ནས་མར་དྲི་རྩམ་དྲི་བྲོ་བའི་དམངས་སྲོལ་རིག་གནས་ཀྱི་བྱེ་བྲག་སྟེ། དགུ་ཚིག་ལ་གཞས་ལེན་པར་དགའ་བ་མ་ཟད། དེང་གཞས་ཀྱང་སྐད་ངག་སྙན་མོའི་འགྲོས་ལ་སྦྱར་ནས་ཡིད་འགུག་སྤྱད་ཅིག་ལེན་ཅི་ཐུབ་བྱེད་པའི་ཁར་མཉེན་འགུག་སླ་བའི་རྐང་རྐ་ལག་གི་ལྡེམ་མྱུར་བར་ན་བོད་པའི་རྩེད་རིག་གི་གྲུབ་ཆ་ཞིག་ཀྱང་མ་སྦས་མངོན་སུམ་དུ་འཆར་འོང་།
“ཝེ། ཚེ་རིང་སྒྲོལ་མ་ཡིན་ནམ། མདང་དགོང་བཤད་པའི་དོན་དག་བརྗེད་མེད་དམ།”
“ངེད་གཉིས་ཡོང་ན་ཆོག་མོད། ཆ་རྐྱེན་ཞིག་ཡོད། ཇའམ་ཁོ་ཧྥེ་འཐུང་བ་ལས་ཆང་མི་འཐུང་ཁོ་ཐག་ཡིན།”
“ཆང་ཐུངས་ཞེས་ངེད་གཉིས་ཀྱིས་ནན་ནན་བཅག་བཅག་མི་བྱེད། གལ་ཏེ་ནན་མོ་བྱེད་ན་དཀོན་མཆོག་གསུམ”ཞེས་སངས་རྒྱས་ཀྱིས་གྲོགས་མོ་ཚེ་རིང་སྒྲོལ་མར་ཡང་བསྐྱར་གཏིང་ནོན་སྒོས་ཚིག་འཇམ་པོ་འོ་མ་འདྲ་བ་དང་མནའ་མི་འགྱུར་ཕ་ལམ་ལྟ་བུ་བསྐྱལ་ནས་སློབ་གྲྭའི་ཕྱི་སྒོ་རུ་ཁ་པར་བཏང་སྟེ་སྒུག
སྐར་མ་བཅོ་ལྔ་ལྷག་གི་རྗེས་སུ་ཚེ་རིང་སྒྲོལ་མ་དང་དེའི་རོགས་ཀྱི་བུ་མོ་གཉིས་སློབ་གྲྭའི་སྒོ་ཆེན་ལས་མཉམ་གཤིབ་གོམ་པ་དལ་ལེན་སྒོས་རྡོག་ཐོན་བྱུང་། ཚེ་རིང་སྒྲོལ་མས་འཕྱོར་སྒེག་མཛེས་སྡུག་གི་ལྭ་བ་གྲ་དག་གྱོན་ཞིང་སྐྲ་ལོ་སེར་པོར་བསྒྱུར་ནས་ལག་ཏུ་ཁུར་ཁུག་ཆུང་ངུ་ཞིག་ཐོགས་ཡོད་ཅིང་། འགྲོ་རོགས་བུ་མོ་དེ་ཡིས་ཀྱང་བཀྲག་མདངས་ཁ་དོག་མིག་ལ་འཚེར་བའི་གྱོན་གོས་ཀྱིས་མཛེས་པར་སྤུད་པ་དང་ཀླད་གཙུག་ཏུ་སྐྲའི་ཐོར་ཅོག་བཞིན་ཕོན་པོར་བསྡམས་ལ། ངོ་གདོང་དུ་སྐག་ཚོས་འོས་འཚམ་ཞིག་བསྐུས་པའི་མི་ཚད། རྐང་ལ་རྟིང་མཐོ་ལྷམ་ཞིག་གྱོན་ཡོད་པས་ཚེ་རིང་སྒྲོལ་མ་དང་བསྡུར་ན་གཟུགས་རིང་བའི་ཁར་མཛེས་ཡག་འགུག་གསུམ་གྱི་ཡོན་ཏན་མ་ཚང་བ་མེད་པའི་སྟབས་ཀྱིས་དམངས་རྩོམ་སོགས་སུ“གཟུགས་སྐྱེ་ལུས་སྨྱུག་མ་ཚིགས་དྲུག་རེད།། ཡག་མོ་སྒོ་བྱུ་རུའི་དོ་ཤལ་རེད།།”ཅེས་པའི་བསྟོད་ཚིག་དེ་བུ་མོ་ཁོར་འོས་ཤིང་འཕྲོད་སྦྱོར་འགྲིག་པོ་འདུག་སྙམ།
དེ་མུར། ཁོ་ཚོས་ཕན་ཚུན་ལ་ཁ་སྐྱེངས་པའི་ཚོར་སྣང་དང་བཅས་འཛུམ་པའི་བརྡ་དང་འཕྲད་པའི་སྟབས་བདེའི་འཚམས་འདྲི་བརྒྱུད། གླ་གཏོང་རླངས་འཁོར་ཞིག་བཀག་ནས་འཕུར་སྐྱེན་མགྱོགས་པའི་བྱ་ཞིག་དང་འདྲ་བར་མདུན་ཕྱོགས་ལམ་ཆེན་སྟེང་ཤར་མར་རྒྱུག
བདེ་གཡེང་ཆང་ཁང་དུ་ཐོན་དུས་ཚེ་ནོར་སྔ་མོ་ནས་ཆང་ཁང་དུ་ཡོང་ནས་འདུག་སྟེགས་བཀོད་སྒྲིག་དང་ཇ་ཆང་ཞོར་ཟས་ཀྱི་སྟ་གོན་གཞི་ནས་བརྩམས་ཚར་འདུག
ས་ཁི་སིའི་རོལ་དབྱངས་སྙན་མོ་མག་མོག་འོད་མདངས་ཉམས་པའི་ཚོན་སྣ་ལྔ་ལྡན་གྱི་དབུགས་ལྒང་ལྟ་བུའི་གློག་སྒྲོན་གྱི་འཁོར་འགྲོས་དང་བསྟུན་ནས་ཆེས་གཏིང་རིམ་ན་དལ་གྱིས་གྲགས་པ་ནི་བྱིས་པ་ཆུང་ཆུང་ཞིག་བདེ་མོའི་གཉིད་ལ་འགུག་པའི་གླུ་ཆུང་དང་འདྲ་བར་ཡིད་ཁམས་ལ་བཟི་སྣང་སྟེར་བའི་ཚོར་བ་ཞིག་བཅོས་མིན་ཤུགས་ཀྱིས་འཚང་འོང་། མིའི་གྲས་ནས་ཁ་གྲག་རྒྱུར་དགའ་བ་དང་ཟོག་གྲས་ནས་རྩྭ་ཟ་རྒྱུར་དགའ་བའི་གསར་ཆུང་སངས་རྒྱས་ཀྱིས་ཐོག་མར་གྲོགས་པོ་ངོ་སྤྲོད་ཀྱི་ཚུལ་དུ་གྲུ་བཞི་ནར་གཟུགས་དབྱིབས་ཀྱི་ཅོག་ཙེ་དེའི་དཀྱིལ་དབུས་ནས་ལངས་ཏེ། ཐོག་མར་བུ་མོ་གཉིས་ཀ་ཕ་ཡུལ་གང་གི་ཡིན་ཚུལ་དང་སྡེ་ཁག་གང་ན་ཡོད་པ། ལོ་རིམ་དུ་བར་སླེབ་ཚུལ་སོགས་ངོ་སྤྲོད་རགས་ཙམ་བྱས་རྗེས།
“དེ་རིང་འུ་ཅག་གནས་འདིར་འཛོམས་པ་ནི་སྔོན་བསགས་ཀྱི་ལས་དབང་ཞིག་ཡིན་ཀྱང་ཆོག སྟེས་དབང་གི་གོ་སྐབས་ཤིག་ཡིན་ཀྱང་རུང་། ཆང་ཁ་འདི་ནས་ངོ་ཤེས་རྒྱུ་ནི་ཕལ་ཆེར་གནམ་རྒན་མའི་བཀོད་སྒྲིག་རེད། བཤད་སྲོལ་དུ་གྲོགས་བརྒྱ་མང་རུང་ཉུང་ཞད་དང་དགྲ་གཅིག་ཡོད་ཀྱང་མང་ཚུལ་ཡིན་པས། ཚང་མས་དེ་རིང་གི་བར་གླགས་འདི་དམ་འཛིན་བྱས་ནས་མཛའ་བརྩེའི་ཨ་ལོང་གཅིག་ཏུ་སྒྲིལ་རྒྱུ་ནི་ངའི་རེ་བ་ཡིན”ཞེས་ཁའི་ཟུར་དུ་ཝུ་བ་འཁྱིལ་ཞོར་གཏམ་རིང་ཞིག་མཚམས་ཚིགས་མེད་པར་འཐེན། གཅམ་ཚིག་ཤོད་རྒྱུར་ཐོགས་པ་མེད་པའི་སངས་རྒྱས་ཀྱིས་མུ་མཐུད་དུ“ངན་པས་རང་བསྟོད་དང་རུལ་མས་བུ་བསྟོད”ཅེས་པ་བཞིན་ཚེ་རིང་སྒྲོལ་མ་དང་རིག་མཚོ་གཉིས་ལ་འཛོམས་གསུམ་འཛོམས་ཚུལ་དང་ཡག་གསུམ་ཡག་ཚུལ་གྱི་བསྟོད་པའི་མེ་ཏོག་གཏོར་བར་ཁོ་གཉིས་ཀྱིས་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་ཚེ་རིང་སྒྲོལ་མས་མགོ་བོ་ཐུར་དུ་བསྣར་ནས་ངོ་ཚ་ཁུལ་གྱི་ཉམས་ཤིག་སྟོན་པ་དང་། རིག་མཚོས་ཀྱང་ལུས་པོ་འཕྲེད་དུ་གཅུས་ནས་ལག་གཡས་ཀྱི་མཛུབ་གུས་འབོལ་ཁྲིའི་ཟུར་སྣེ་ལ་འབྲད་ཙམ་འབྲད་ཙམ་གྱིས་ངོ་ཚ་འཛུམ་བག་འདྲེས་མས་ཅི་ཡང་མི་སྨྲ།
ཚེ་ནོར་གྱིས་སྐབས་ཐོག་གི་སྣང་དོགས་དང་འཛེམ་བག་མངོན་པའི་ཁོར་ཡུག་དེ་ཅིག་ཅར་བཅོམ་ཆེད།“རེད། བཟང་གི ཤོག ཚང་མས་ལག་གི་པི་ཙི་བཟུང་སྟེ་དེ་རིང་གི་ཐོག་མའི་ཐུག་འཕྲད་ལ་རྟེན་འབྲེལ་གྱི་མཆོད་ཆང་དང་པོ་ཐོད་ཐུག་ཅིག་བྱ”ཞེས་མེ་ཏོག་གི་འཛུམ་ཁ་ཕྱེ་འདྲའི་མདངས་ཤིག་ཕྱུང་ནས་ཏན་སེ་ཡར་ལངས་ཏེ་ལག་པས་ཆང་ཕོར་མཐོ་རུ་བཏེགས་པ་ན་སངས་རྒྱས་དང་བུ་མོ་གཉིས་ཀའང་ཐག་ཞོར་འབྲེང་འདྲུད་ཀྱི་ཚུལ་དུ་ཡར་ལངས་ཏེ་ཐོད་གཏུགས་རྩིས་བྱ་སྐབས། སངས་རྒྱས་ཀྱིས་བུ་མོ་དེ་གཉིས་ཀས་སིལ་ཆང་བཏེགས་ཡོད་པ་རིག་མ་ཐག“གནས་འདིར་ཐོན་ན་ཚང་མའི་ཆང་གི་ཁ་དོག་གཅིག་ཡིན་དགོས”ཞེས་ཀུ་རེ་འདྲེས་མས་བཤད་པར་ཚེ་རིང་སྒྲོལ་མ་མ་རངས་པའི་ཉམས་ཀྱིས“རྟ་ཤོར་ན་འཛིན་ཐབས་ཡོད་ཀྱང་། ། ཚིག་ཤོར་ན་འཛིན་ཐབས་མེད་ཅེས་པ་མ་གོའམ། འུ་ཅག་མ་འཕྲད་སྔོན་དུ་ཁ་པར་ལས་ཚིག་མགོ་མནའ་ཡིས་བསྒགས་ཡོད་པ་བརྗེད་སོང་ངམ”ཞེས་གཟབ་ནན་གྱི་སྒོ་ནས་གཅིག་རྗེས་གཉིས་མཐུད་དུ་ཚིག་འགའ་བསྟུད་མར་བཤད་པར་སངས་རྒྱས་ལ་ལན་སློག་རྒྱུ་ཡང་མེད་པར་གྱུར། ཚེ་ནོར་གྱིས་ཁངས་བབས་པའི་ཉིན་མར་འདུར་རྒྱུ་མ་མང་། ཆང་འཐུང་བའི་ཉིན་མར་སྐད་ཆ་མ་མང་།ཞེས་དེའི་མུར་ཚིག་མཚམས་བཅད་ནས་“ཆོག་གི། ཆོག་གི ཁོ་གཉིས་ལ་ཨུ་ཚུགས་མ་བྱེད”ཅེས་ཡུ་བ་རིང་བའི་ཝུ་ཆང་དང་སྐོམ་ཆུའི་པི་ཙི་ཐོད་གཏུག་གི་སིང་སྒྲའི་ཁྲོད་ནས་ཡུན་གྱིས་མཛའ་མཐུན་གྱི་གསེར་སྐུད་གཅིག་ལ་འབྲེལ་མགོ་བརྩམས།
སྐོམ་པའི་ཆུ་འདོད་པ་ལྟ་བུའི་སངས་རྒྱས་དང་ཚེ་ནོར་གཉིས་ཀྱིས་ནགས་གཅོད་པས་སྡོང་བོ་གཅོད་པ་བཞིན་ཝུ་ཆང་གི་དམ་བེ་རེ་རེ་གཡས་འགྱེལ་གཡོན་ལོག་ཏུ་འཕངས་ཚུལ་ལ་བརྟག་ན། གྲངས་ཀ་མེད་པའི་ཞབས་དག་ཅིག་གི་བརྒྱུད་རིམ་འདས་པ་དཔོག་ཐུབ། ཆང་འཐུང་བའི་གོ་རིམ་ཁྲོད་དུའང་ཚེ་ནོར་གྱིས་རང་གི་འཇོན་ནུས་མ་སྦས་མངོན་སུམ་དུ་བསྟན་པ་སྟེ། རེ་ཞིག་མཐོ་དམའ་རན་པའི་དབྱངས་རྟ་ལ་སྦྱར་ནས་གུ་དོག་པའི་བར་སྟོང་དེ་རུ་གཡས་འཁོར་གཡོན་འཁོར་སྒོས་དགུ་ཚིག་ལ་གཞས་འཆལ་འཆོལ་རེ་ལེན་པ་དང་། ཡང་མཚམས་རེ་འགར་མེ་ཏོག་སེར་ཆེན་སྤང་གི་རྒྱན།ཀུ་རེ་རྩེད་མོ་གཏམ་གྱི་རྒྱན་ཞེས་པ་ལྟར་གཟས་ནས་བུ་མོ་གཉིས་ཀར་ཀུ་རེ་ཚུལ་གྱིས་གཏམ་དཔེ་སྤེལ་མར་སྦྱར་ཏེ་དགོད་ཁ་སློང་བ་དང་། ཡང་ལན་རེར་གུག་འཁྱོག་མཐོ་དམའ་ཉུང་བའི་དེང་གཞས་རེ་ཉམས་འགྱུར་གར་ལ་བསྲེས་ནས་དཔྱི་མགོ་གཡས་གཡོན་དུ་གཡུགས་པ་དང་ལག་ཟུང་ཀེར་རེར་འགྲེང་ནས་རྐང་བའི་ཐག་སྒྲའི་འགྲོས་དང་བསྟུན་ཏེ་ཡར་མར་ལ་ཡུན་ཙམ་ཡུན་ཙམ་འགྲོ་ཚུལ་ལ་གཞིགས་ན་ཕལ་ཆེར་ཨ་རག་གི་ངར་ཁས་བཟི་སོང་བ་འདྲ་ལ། ཡང་བལྟས་ཚོད་ཀྱིས་བུ་མོ་གཉིས་ལ་ལྷོད་གཡེང་དང་འཛེམ་མེད་ཀྱི་བར་སྟོང་ཆེན་པོ་ཞིག་བཙལ་འདོད་པ་ཅི་ཡིན་ཚོད་དཔག་བྱེད་དཀའ་ཡང་། ཁྲ་ཆིལ་དགུ་ཆིལ་གྱི་གློག་འོད་དང་གདངས་དབྱངས་མཐོ་རུ་གྱུར་བའི་འར་འུར་ཟང་ཟིང་གི་རོལ་མོའི་ཁོར་ཡུག་ཁྲོད་ནས། ཁོ་མོ་གཉིས་དང་ཝུ་ཆང་གི་བར་ཐག་ཇི་ལྟར་སྟུང་བའང་མ་ཚོར་ལ། ཤེས་མེད་ཚོར་མེད་ངང་མྱོས་བྱེད་ཆང་གིས་ར་རོར་གྱུར་བའང་དེ་ལས་ཀྱང་མ་རྟོགས།
ཏག་ཏག་བར་གླགས་འདི་ནི་ཕོ་མོ་ཟུང་གི་འདོད་བརྩེ་བརྗོད་ས་དང་། སྙན་འཇེབས་ཡིད་འཕྲོག་གི་བྲོ་གཞས་འཁྲབ་ལེན་བྱེད་སའི“རང་དབང་གི་རྩེད་ར”ཞིག་ཏུ་གྱུར་བས། ཁོ་ཚོས་མཚམས་མཚམས་སུ་ཆང་ཕོར་མཉམ་སྡེབ་སྒོས་ཧབ་ཆའི་ཁྲོད་ནས་ཞབས་དག་བྱེད་པ་དང་། ཡང་ལན་རེར་ཕོ་མོ་དམ་འཁྱུད་བྱས་ནས་གཞོམ་ཐབས་བྲལ་བའི་སྲེད་པའི་མེ་ལྕེ་ལམ་ལམ་མཆེད་དེ“སྙིང་གཏམ་བཤད་ཁུལ”དང“དུང་བ་ངོ་མའི་བརྩེ་བ”སྟོན་ཁུལ་སྒོས་སྐད་མཐོ་ལ་འབྲུ་མི་གསལ་བའི་ཉག་ཉོག་གི་ལབ་ལྒིང་ལུང་བ་གང་བཤད་ཅིང་། ཡང་རེ་འགར་འདེགས་འཇོག་འཁྱར་འཁྱོར་སྒོས་ལག་གཉིས་གྱེན་དུ་བསྒྲེངས་ཤིང་མགོ་བོ་ཕྱོགས་བཞིར་ལྡེམ་པ། འཕོང་ཚོས་གཡས་གཡོན་དུ་གཅུས་ནས་རོལ་དབྱངས་ཀྱི་གདངས་དང་འགྲོགས་ཏེ་པུས་ཚིགས་ནས་ལྷེམ་ལྷེམ་དུ་བཀུག་ཅིང་བྱིན་པ་ལྕུག་ལྕུག་འདར་ཚུལ་ལ་བལྟས་ན་ཆགས་ཞེན་མངོན་པར་གསལ་བའི་དེང་རབས་ཞབས་བྲོ་ལས་མི་བདའ་བ་རེད།
མག་མོག་ནས་ཆལ་ཆིལ་གྱི་གློག་ཞུན་ཁྲོད་དུ་རྒྱུས་མེད་ནས་མཛའ་གྲོགས་ཀྱི་ཨ་ལོང་གཅིག་ཏུ་སྦྲེལ་བ་དང་། གཉོམ་པོ་ནས་དྲག་ཤུགས་ཀྱི་དབྱངས་འགྲོས་ཁྲོད་དུ། འཛེམ་བག་ནས་སྤྲོ་དགའི་རླབས་ཕྲེང་དྲག་ཏུ་འཕྱོ་ཞིང་། འདོད་བརྩེ་ཡི་འོ་མ་ལན་མང་བསྲུབས་ནས་ཆགས་ཞེན་གྱི་མར་ལོ་རང་བྱུང་དུ་འཁྲུངས་པས། མཚམས་ཤིག་གྲིབ་གཟུགས་ཟུང་རེ་ཆང་ཁང་གི་མདུན་ཐད་ནས་འཕྲེད་གསེགས་སུ་ཧབ་ཆའི་ཁྲོད་དུ་ཡ་ཡོ་འཁྱར་འཁྱོར་གྱི་སྒོ་ནས་མཐོང་ལམ་དུ་རིམ་བཞིན་ནུབ་ཅིང་། མཚན་མོའི་སྨག་གིས་ཀྱང་འཇིག་རྟེན་གྱི་ཟང་ཟིང་ཡོད་ཚད་ཁྱུར་མིད་དུ་བཏང་སྟེ་རེ་ཞིག་གཞུང་ལམ་གྱི་ལམ་སྒྲོན་ལས་གཞན་མཐའ་དག་མུན་པའི་འཇིག་རྟེན་དང་དབེན་འཇགས་ཀྱི་གནས་སུ་བསྒྱུར་ཏོ། །