ཁ་བའི་འདབ་མ།

        2013-12-16

 ངའི་འཇིག་རྟེན་ལ་དངུལ་མདོག་གི་གཟི་འོད་ཁྱེར་བའི་ཁ་བ་དཀར་པོ།  ཁྱེད་ཉིད་ནམ་ཡང་སྤྲིན་པ་དཀར་པོ་ཞིག་གི་ཉིང་བཅུད་ལས་འཁྲུངས་ཏེ་ངའི་བརྗོད་མི་ཚར་བའི་གཏམ་རྒྱུད་ཀྱི་པང་ཁུག་ཏུ་འབབ་དུས།     ངའི་སྙིང་ཁོངས་ན་ཟིམ་ཟིམ་འཇོ་བའི་ཁ་བའི་འདབ་མ།   མགྲིན་པ་ལོངས་སྤྱོད་འཁོར་ལོའི་དྲུག་འགྱུར་གྱི་དབྱངས་སྙན་མེད་རུང་། ཁ་སང་ཨ་མྱེས་ཀྱི་གནའ་གཏམ་མཚར་པོས།  དེ་རིང་བྱིས་པ་མང་བོ་ཞིག་གི་ཡིད་སེམས་ཅིས་ཀྱང་འཕྲོག་སྲིད།
   དྭངས་གཙང་གི་མཛེས་བ་རུམ་པའི་བྱིས་དུས་སུ་ཁ་བའི་འདབ་མ་ལ་རེ་ལྟོས་དང་སྨོན་སེམས་ཅིང་ཤིང་།   ཁ་བའི་མེ་ཏོག་གི་འདབ་མ་ས་གཞིར་གཏོར་བའི་དངུལ་མདོག་གི་ཞོགས་པ་རེ་རེ་ནི་བྱིས་པའི་རྩེད་འཇོ་ཡི་གར་སྟེགས་ཆུང་ཆུང་ཞིག་ག་ལ་མིན།  ཁ་བའི་འཇིག་རྟེན་གྱི་བྱིས་པ་དག་གྲང་ངར་གྱི་འཇིག་པ་རིང་དུ་དོར་ཏེ་དགོད་སྒྲའི་ཁྲོད་རང་ཉིད་ཁ་བ་དང་སིམ་པར་བྱས་ཡོད།  དེ་བས་ཁ་བས་བྱིས་དུས་ལ་འབྲི་ཞོ་ལྟ་བུའི་མངར་ཁ་དང་སྟོན་ས་ལྟ་བའི་སྤྲོ་སྣང་ཞིག་ངང་གིས་སྟེར།
   དཀར་བོང་བོང་གི་ཁ་བ།   འཇིག་རྟེན་གྱི་ཆེས་དྭངས་གཙང་སྒོམ་ནས་མཐོ་སྒང་གི་བོད་མི་རེ་རེའི་ངོ་གདོང་དུ་འབབ་དུས།  སྙིང་ཁོངས་ན་སིམ་སིམ་འཇོ་བའི་ཁ་བའི་འདབ་མ།  སྟོན་གསུམ་ཉི་འོད་ཀྱིས་ས་གཞི་བསྲེགས་ཤིང་རྩི་ཤིང་མེ་ཏོག་གི་གཡུ་མདོག་བཅོམ་དུས་ཁྱེད་ཉིད་བསིལ་ལྗོངས་འདིར་དུང་དྲགས་པས་སླད་མ་འདྲེས་པའི་སྤྱན་ཆབ་གངས་ལྗོངས་ལ་གཏོར་ཤིང་།  ཉི་འོད་གྲོང་ཁྱེར་གྱི་སྐོམ་པའི་གདུང་བ་སེལ།    ད་དུང་ཞིང་ཁར་གདོང་གི་གཉེར་མར་ངུལ་ཆུའི་ཐིགས་ཕྲེང་འཛག་པའི་ཞིང་བ་དང་ངལ་དུབ་ཀྱི་ཁེངས་བའི་སྐྱེ་འགྲོ་སོ་སོར་ངལ་གསོ་ཐེངས་ཤིག་གི་ཁོམ་ལོངས་སྦྱིན།    དགུན་ཟླ་ཐ་མས་ཡོད་ཚད་རེ་བ་དང་ཡིད་ཆས་ཀྱིས་ཁེངས་པའི་དཔྱིད་དུས་ཞིག་གི་དཔལ་ཡོན་བསུས་ཤིང་།   ཚེ་སྲོག་མང་བོ་ཞིག་གི་གསོན་ཤུགས་རྙེད་ལ་སྐྱེ་སྟོབས་མངོན་པར་རེ་བའི་དྲོད་གཤེར་གྱི་ས་བོན་བཏབ།     ཁྱེད་ཀྱི་ཚེ་སྲོག་གི་འདབ་མ་མཐོ་སྒང་གི་ཡུལ་གྲུ་འདིར་བཏབ་པ་ནས་བཟུང་ཁ་བའི་སྣོད་བཅུད་ཀྱི་དཔལ་མ་ཉམས་ཤིང་མཛེས་པའི་ཁོར་ཡུག་གི་སྙན་པའི་གྲགས་པ་སྔར་བཞིན་གོ་ལ་ཟླུམ་པོ་འདིའི་རྒྱན་དུ་ཁོད་ཡོད།
   ཁྱེད་ཀྱི་དཀར་བོང་བོང་གི་སེམས་པས་མཛེས་པའི་སྣོད་བཅུད་འཛོམས་པའི་གངས་ལྗོངས་ལ་ཕུན་ཚོགས་རླུང་རྟའི་ཕྱྭ་གཡང་བསྩལ་ཞིང་།  དེང་དུས་དཔལ་འབྱོར་གྱི་འཕེལ་ཁ་མགྱོགས་ཤིང་ཚན་རིག་གི་རྔམ་ཁ་ཆེ་སར་བཟོ་ལས་ཀྱི་དུད་རྡུལ་དང་གད་སྙིགས་གི་ཕང་ཕོང་ཇི་འདྲའི་མང་བོ་ཞིག་ཁྱེད་ཀྱིས་གཙང་བཟོ་བྱས་མྱོངའང་། འདི་དག་བོད་གངས་ཅན་པའི་སེམས་ཁོངས་ནས་ནམ་ཡང་བརྗེད་མི་སྲིད་ལ།  མ་འོངས་གི་ཤུལ་ལམ་ཁྲོད་དེ་བས་ཀྱང་བརྗེད་ག་ལ་སྲིད།
བསིལ་ལྡན་བོད་མི་རེ་རེའི་སེམས་ཁོངས་ན་གནས་པའི་ཁ་བའི་འདབ་མ།    ཁྱེད་ཀྱི་དུང་ཞེན་གྱི་འདབ་ལོ་རེ་རེས་ཇོ་མོ་བླ་རིའི་དབུ་འཕང་བསྟད་ཅིང་མ་ཕམ་གཡུ་མཚོའི་རླབས་ཕྲེང་རྩེན་དུ་བཅུག       དེ་བས་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་མགྱོགས་ཤིང་གྲོ་ནས་སྲན་གསུམ་གྱི་ཐོན་འབབ་མཐོ།   རྒྱུ་མཚན་དེའི་དབང་གིས་སྒང་བ་བོད་པའི་སྨོན་མདུན་དང་དཔའ་སྤོབས་ཀྱི་མགོ་བོ་མཐོ་རུ་བཏང་ཡོད།
  • ལེ་ཚན་སྔོན་མ།:གཟའ་ཉི་མ།
  • ལེ་ཚན་རྗེས་མ།:མིག་ཆུའི་ཁྲོད་ཀྱི་ཟིན་ཐོ།