ཕ་ཡུལ་གྱི་སྐོར་གཞས་དྲན་པ།

ཁྱུང་མཁར་བཀྲ་ཤིས་དོན་གྲུབ།        2013-12-02

ཕ་ཡུལ་གྱི་སྐོར་གཞས་དྲན་པ།

ཉེ་བའི་དུས་ཡུན་ཞིག་ཏུ་ང་རང་ལ་རྗེས་དྲན་བྱེད་པར་དགའ་བའི་སྲོལ་ཞིག་གསར་དུ་ཆགས། དེ་ཕལ་ཆེར་ང་རང་ཕ་ཡུལ་དང་ཁ་བྲལ་ནས་ལོ་མང་འགོར་བའི་རྐྱེན་ཡིན་ནའང་ཐང་། དབེན་འཇམ་གྱི་མཚན་མོར་ཡིད་སེམས་ཀྱི་དྲན་གདུང་ལ་གཤོག་ཟུང་བཏགས་ཏེ་ཕ་ཡུལ་གྱི་རི་ཀླུང་དུ་ལྡིང་སྐོར་རྒྱག་བཅུག་ལ། མི་གཅིག་ཁེར་སྡོད་བྱེད་པའི་ཉིན་གུང་དུ་ཕ་ཡུལ་གྱི་སྐོར་གཞས་འོད་སྡེར་ཞིག་བཏང་སྟེ་རང་ཉིད་ཀྱི་དྲན་སེམས་རྒྱང་རིང་དུ་གནས་པའི་འབའ་ཞེས་པའི་གྲོང་པ་དེ་རུ་དྲངས། །
    རེད་ཨཱ།ཕ་ཡུལ་ནི་མི་སུ་དང་སུ་ལ་མཚོན་ནའང་དོར་མི་ནུས་པའི་དྲན་གདུང་ཞིག་ཡིན་པ་ནི་བཤད་མ་དགོས་ཤིང་། རང་ཉིད་འཇིག་རྟེན་ཁམས་འདིར་དང་ཐོག་སྲོག་གི་རྣམ་ཐར་འགོ་ཚུགས་པའི་ཡུལ་ལུང་དང་རང་ཉིད་ཀྱི་ལྟེ་ཁྲག་དང་ཐོག་འཐོར་བའི་ཡུལ་ལུང་དེ་ནི་ཚེ་གཅིག་ལུས་གཅིག་རིང་ལུས་ཀྱི་ཁྲག་དང་རུས་པའི་གསེབ་རང་ཉིད་དང་བཤད་མི་ཤེས་ལ་བརྗོད་མི་ནུས་པའི་འབྲེལ་ཐག་ངོ་མཚར་ཅན་ཞིག་གིས་དམ་དུ་བཅིངས། དེར་བརྟེན་རང་ཡུལ་རྒྱབ་ཏུ་བསྐྱུར་གཞན་ཡུལ་པང་དུ་ལེན་པའི་འཁྱམ་པོར་ཆ་མཚོན་ན་ཕ་ཡུལ་གྱི་རི་ཀླུང་དང་། གཉེན་ཉེ་གྲོགས་པོ། ཕ་ཡུལ་གྱི་གཞས་དང་ཞབས་བྲོ། ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་སོགས་ནི་རང་ཉིད་ཀྱི་སེམས་ཀྱི་མེ་ལོང་ངོས་རྟག་ཏུ་གསལ་གྱི་ལེར་མངོན་ཞིང་དེ་དག་ལ་བརྩེ་དུང་ཚད་མེད་ཆགས་པ་ནི་ལྡོག་མེད་ཆོས་ཉིད་ཅིག་ཏུ་གྱུར།
    སྤྱིར་ངའི་ཕ་ཡུལ་འབའ་ཐང་ཟེར་བ་དེ་ས་ཡི་དགེ་བཅུ་འཛོམས་ཤིང་བོད་ཡུལ་སྟོད་སྨད་བར་གསུམ་དུ་སྙན་གྲགས་ཀྱི་བ་དན་དྲག་ཏུ་འཕྱུར་བའི་ཡུལ་གྲུ་ཞིག་ཡིན་པ་དེ་མི་ཀུན་གྱིས་མ་བགྲོས་བློ་རུ་མཐུན། ཕ་ཡུལ་གྱི་མཛེས་སྡུག་རི་ཀླུང་དང་ཕུལ་བྱུང་རིག་གནས། དྲོ་གྲང་སྙོམས་པའི་གནམ་གཤིས། ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཐོན་རྫས་སོགས་ནི་མི་རྣམས་ཡུལ་དེར་ཡིད་སྨོན་བྱེད་པའི་རྐྱེན་གཙོ་བོ་ཡིན་མོད་ཀྱང་། ངའི་ཡིད་གཏིང་དུ་ཆེས་དྲན་སེམས་ལྡན་པ་ནི་ཕ་ཡུལ་གྱི་སྐོར་གཞས་དེ་ཡིན། །
    བོད་ཀྱི་ཡུལ་གྲུ་ནི་མི་རིགས་གཞན་པའི་སྐྱེ་བོའི་སྣང་ངོར་གླུ་གཞས་ཀྱི་རྒྱ་མཚོ་ཞིག་ཡིན་ལ་ཡུལ་གྲུ་དེ་རུ་གླུ་གཞས་སྐོར་སྐད་གྲགས་ཆེ་ཤོས་ནི་སྟོད་གཞས་དང་།ཞབས་བྲོ། རྡུང་ལེན། ཁམས་གཞས་སོགས་ཡིན་པ། དེའི་ཁྲོད་ཀྱི་ཁམས་གཞས་ཞེས་པ་ནི་ངའི་ཕ་ཡུལ་ནས་དར་བའི་སྐོར་གཞས་དེར་ཟེར་བ་ཡིན་ལ་ནམ་རྒྱུན་འབའ་གཞས་ཞེས་མིང་དུ་འབོད། ང་རང་ཆུང་བྱིས་པའི་དུས་ནས་རྣ་ལམ་དུ་སྙན་འཇེབས་པི་ཝང་གི་སྒྲ་དང་མིག་ལམ་དུ་མཛེས་འཆོས་ལུས་ཀྱི་སྟངས་སྟབས་ལོངས་སུ་སྤྱད་དེ་ནར་སོན་པ་ཡིན་ལ། ཕ་ཡུལ་གྱི་སྐོར་གཞས་ནི་རོལ་མོའི་སློབ་ཚན་ཨང་དང་པོ་དེ་ཡིན་ཞིང་ཕ་ཡུལ་གྱི་སྐོར་གཞས་ནི་ངའི་རྩོམ་ཡིག་གི་རྩྭ་ལྗང་གསོ་སྤེལ་བྱེད་པའི་གཤིན་སའང་ཡིན། ངས་ཕ་ཡུལ་གྱི་སྐོར་གཞས་ཁྲོད་ནས་དྲིན་ཆེན་ཡབ་ཡུམ་ཟུང་གི་ཟླ་མེད་བཀའ་དྲིན་ཚོར་ཞིང་མི་རིགས་ཀྱི་ཕུལ་བྱུང་དམངས་ཁྲོད་རིག་གནས་ཀྱང་རྒྱུས་ལོན་བྱུང་། ཕ་ཡུལ་གྱི་སྐོར་གཞས་ནི་ང་རང་མི་ཚེའི་བགྲོད་ལམ་དུ་སྐྱོད་པའི་སྤོབས་པ་དང་མ་འོངས་མདུན་ལྗོངས་ལ་བཅངས་པའི་ཡིད་ཆེས་ཀྱང་ཡིན། མདོར་ན། ཕ་ཡུལ་གྱི་སྐོར་གཞས་ནི་ངའི་ཡིད་སེམས་གཏིང་དུ་ནམ་ཡང་ང་རང་ལ་སློབ་སྟོན་གནང་བའི་བཤེས་གཉེན་དམ་པ་དང་བརྩེ་སེམས་དུས་རྟག་སྦྲེལ་བའི་གྲོགས་མཆོག་ཡིན།

   ཕ་ཡུལ་གྱི་སྐོར་གཞས་དྲན་པ།

 བགྲང་བྱ་ཉི་ཤུ་ལྷག་གི་སྔོན་གྱི་སྤྱི་ལོ༡༩༨༧ལོར་ང་རང་ནི་མི་ལོ་བཅུ་གསུམ་སོན་པའི་བྱིས་པ་ཤེས་རྨོངས་ཅན་ཞིག་ཡིན་ལ། ལོ་དེའི་སྟོན་ཁར་ང་རང་དམའ་རིམ་སློབ་འབྲིང་ནས་འབྲིང་རིམ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་དེ་དང་ཐོག་ཕ་ཡུལ་དང་བྲལ་ནས་གཞན་ཡུལ་དུ་སློབ་གཉེར་བྱེད་པར་སོང་། དུས་དེ་ནས་ད་ལྟའི་བར་ང་རང་ཕ་ཡུལ་དུ་ལོ་བཞི་རིང་འབའ་ཐང་དགེ་འོས་སློབ་གྲྭའི་དགེ་རྒན་གྱི་ལས་གནས་སུ་བྱ་བ་བསྒྲུབས་པ་ལས་དུས་ཚོད་གཞན་ཐམས་ཅད་ནི་ཡུལ་གྲུ་གཞན་དུ་སློབ་སྦྱོང་དང་བྱ་བ་བསྒྲུབས་པ་ཡིན། ལོ་དེ་དག་ཏུ་ང་རང་གིས་ཕ་ཡུལ་གྱི་སྐོར་གཞས་དེ་རང་ཉིད་ཀྱི་དྲན་གདུང་སེལ་བྱེད་དུ་བཀོད་དེ་ཕ་ཡུལ་གྱི་སྐོར་གཞས་ཀྱི་རོལ་དབྱངས་ཁྲོད་གོམ་པ་རེ་རེ་བཞིན་མི་ཚེའི་བགྲོད་ལམ་དུ་བསྐྱོད་དང་སྐྱོད་བཞིན་ཡོད།
    དེ་རིང་ཡང་གཟའ་སྤེན་པར་འཁེལ་ཞིང་དྲོད་ལྡན་གྱི་ཉི་འོད་ཁྲོད་ང་རང་གཅིག་པུས་དོ་ར་རུ་ཉི་འོད་རོལ་ཞིང་CDལས་ཕྱིར་འཁྲོལ་པའི་སྙན་འཇེབས་ཀྱི་ཕ་ཡུལ་གྱི་སྐོར་གཞས་ཉན་ནས་བསྡད། དལ་ལྷོད་ཀྱི་རོལ་དབྱངས་ཁྲོད་ངའི་དྲན་སེམས་དེ་མེ་ཏོག་སྣ་ལྔ་བཞད་ཅིང་དྲོ་གྲང་སྙོམས་པའི་ཕ་ཡུལ་གྱི་ཕྱོགས་སུ་འཕུར། ངའི་མིག་ལམ་དུ་སྔོ་ལྗང་ཀུ་ཤུ་སྡོང་པོའི་འོག་པི་ཝང་དཀྲོལ་ཞོར་གཞས་བཏང་ཞིང་བྲོ་འཁྲབ་པའི་ཕ་ཡུལ་གྱི་གཞས་མཁན་དག་བཀྲ་བྱུང་།
འོ།དེ་རིང་ངས་དྲོད་འཇམ་ཉི་འོད་ཁྲོད་མི་ཡུལ་དག་ཞིང་དུ་གྲགས་པའི་སེམས་ཀྱི་ཉི་ཟླའི་རྡོ་མཁར་གནའ་གྲོང་གི་སྡོད་ཁང་ཞིག་གི་དོ་ར་ནས་རྒྱང་རིང་ཕ་ཡུལ་དྲན་བྱུང་བ་མ་ཟད། ཕ་ཡུལ་གྱི་སྐོར་གཞས་དེའང་དྲན་བྱུང་།
  • ལེ་ཚན་སྔོན་མ།:༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།
  • ལེ་ཚན་རྗེས་མ།:རྨི་ལམ་ནང་གི་ཨ་མ།