༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།

གངས་དབང་གིས།        2013-12-02

ཟླ་བ་བཅུ་པའི་ཁམས་པའི་ས་ཆུ་ལ་གསེར་མདངས་བཀྲ་ཞིང་འབྲས་ལྡན་ཁུར་གྱིས་དུད་པས་སེར་སྐྱ་ཕོ་མོ་རྣམས་ཀྱི་ངོ་གདོང་ལ་དགའ་བའི་འཛུམ་མདངས་རྒྱས།སྐལ་བཟང་དུས་བཟང་དེ་ལ་སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཆབ་མདོ་ལ་འཚོགས་ཏེ་ཁམས་པའི་ས་ཆ་ཡི་ཡིད་དབང་འཕྲོག་པའི་རྣམ་པ་གསར་པ་ངོམ་པར་བྱེད།ཉིན་ལྔ་ཡི་རིང་ལ་ཆབ་མདོ་ས་ཁུལ་དང་ཡུལ་ཤུལ་ཁུལ།བདེ་ཆེན་ཁུལ་།དཀར་མཛེས་ཁུལ་ནས་ཡོང་བའི་སྒྱུ་རྩལ་པ་དང་འཁྲབ་སྟོན་པ།ཆེད་མཁས་པ་རྣམས་ལྷན་དུ་འཛོམས་ནས་ས་གནས་སོ་སོའི་གླུ་གར་དང་རྒྱན་གོས།དམངས་ཁྲོད་ལུས་རྩལ།ཡུལ་སྐོར་རིག་གནས་དང་བཅས་ཕན་ཚུན་སྟོན་རེས་དང་བགྲོ་གླེང་བྱས་པས་ཡིད་སྨོན་ཤོར་བའི་འབྲས་བུ་ཐོབ་ཡོད།

༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།
༡   རྣམ་པར་བཀྲ་བའི་གླུ་གར་གྱི་གར་སྟེགས།
ཁམས་པའི་ཡུལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་གར་གྱི་རིགས་སྣ་མང་མཆིས་ལ་ཁམས་པ་བ་རྣམས་ནི་གླུ་ལེན་ལ་མཁས་ཤིང་བྲོ་འཁྲབ་ལ་བྱང་བས་ཁམས་ཁུལ་གྱི་ཡུལ་གྲུ་གང་ལ་སོང་ནའང་སྙན་འཇེབས་ཀྱི་གླུ་དང་ཡིད་འཕྲོག་པའི་བྲོ་ཡི་རྒྱུན་མི་ཆད།སྐབས་བདུན་པའི་སྒྱུ་རྩལ་དུས་ཆེན་ནང་དུའང་དེ་ལྟར་ལགས་ཏེ།ཆབ་མདོ་ས་ཁུལ་གྱི་ཆེད་སྟོན་དགོང་ཚོགས་ཡིན་ནའང་འདྲ།ཐང་ཆེན་ཐོག་གི་འཁྲབ་སྟོན་ཡིན་ཡང་རུང་ཀུན་གྱི་མིག་དབང་འཕྲོག་ཅིང་ཡིད་སེམས་གསོས་པ་ནི་ཆབ་མདོ་ཡི་སྐོར་བྲོ་དང་སྟེང་ཆེན་གྱི་རས་པ།སྨར་ཁམས་ཀྱི་སྐོར་གཞས་བཅས་རེད།སྐྱེས་ཕོ་མོ་རྣམས་ཀྱིས་ལག་གདང་སྦྲེལ་ཏེ་གྲལ་འགྲིག་པའི་རྡོག་བྲོ་རྒྱག་པ་ནི་ཆབ་མདོ་མི་དམངས་རྣམས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་དྲོད་སྐྱིད་ཀྱི་ཁྱིམ་གཞིས་སྐྲུན་པ་མཚོན་ལ།སྒེག་ལྡན་བུ་མོ་རྣམས་ཀྱིས་ལག་པས་རྔ་དང་རྔ་དབྱུག་བཟུང་སྟེ་ཡིད་སེམས་འཕྲོག་པའི་གར་གྱི་སྟངས་སྟབས་ངོམ་པ་ནི་བྱ་རྨ་བྱ་བྲོ་ལ་ཞུགས་པ་དང་མཚུངས་ཤིང་བྲོ་དེ་ལ་རས་པ་ཞེས་སྟེང་ཆེན་རྫོང་གི་གཞན་ལ་ངོམ་དུ་རི་བའི་སྒྱུ་རྩལ་ཁྱད་དུ་འཕགས་པ་ཞིག་རེད།དེ་མིན་སྨར་ཁམས་ཀྱི་སྐོར་གཞས་ནི་ས་དེ་གའི་མི་དམངས་ཀྱི་གོམས་གཤིས་དང་ཐོན་སྐྱེད་འཚོ་བ་མཚོན་པའི་གླུ་དང་རོལ་མོ།བྲོ་བཅས་སྣ་མང་འཛོམས་པའི་སྒྱུ་རྩལ་གྱི་རིགས་ཤིག་སྟེ་འབའ་གཞས་དང་འདྲ་ས་མང་ལ་ཐུན་མིན་གྱི་ཁྱད་ཆོས་ཀྱང་ཡོད་པ་ཞིག་རེད།
བདེ་ཆེན་ཁུལ་གྱི་འཁྲབ་སྟོན་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་གཅིག་ནི་གྲངས་ཉུང་མི་རིགས་གཞན་དག་གི་དུས་རྒྱུན་གྱི་འཚོ་བ་ནང་གི་བྱ་སྤྱོད་དང་བྱེད་སྒོ་རྣམས་སྙན་འཇེབས་ཀྱི་གླུ་དང་ཉམས་ལྡན་གྱི་བྲོ་ཡིས་གར་སྟེགས་ཐོག་བསྟན་པས་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས།ཁྱད་ཆོས་གཞན་ཞིག་ནི་གླུ་པ་དང་གླུ་མ་ས་ཆ་གཞན་ལས་མང་བ་མ་ཚད།ཁོང་ཚོས་ལེན་པའི་གླུ་རྣམས་ནི་ཁམས་པའི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གླུ་ཡིན་པས་སྐྱ་སེར་མི་དམངས་ཚོའི་དགས་བསུ་ཆེན་པོ་ཐོབ།དེའི་ནང་ལས་གླུ་པ་བློ་བཟང་ཤེས་རབ་དང་སེམས་ཀྱི་ཉི་ཟླའི་ཚན་སྡེབ་ལ་ཚང་མས་དེ་ལས་ཀྱང་ཡིད་སྨོན་དང་བསྟོད་བསྔགས་བྱེད་ཀྱིན་འདུགརྒྱུ་མཚན་ནི་གླུ་པ་བློ་བཟང་ཤེས་རབ་ཀྱིས་གསུངས་པ་ལྟར་ཁོང་ཚོས་དུས་རྒྱུན་དུ་དམངས་ཁྲོད་དུ་དར་ཞིང་ཁྱབ་ལ་མི་དམངས་ཚོ་ཡི་འགྲོ་འདུག་གནས་མལ་དངོས་སུ་མཚོན་པའི་ལ་གཞས་དང་འགུག་གླུ།བྲོ་ཚིག་དང་བཅས་པ་ལ་སློབ་སྦྱོང་དང་འཁྲབ་ལེན་བྱེད་པའི་རྐྱེན་གྱིས་རེད།
ཡུལ་ཤུལ་ཁུལ་གྱི་རིག་རྩལ་ཆེད་སྟོན་དགོང་ཚོགས་སུ་ལྟད་མོ་བ་རྣམས་ཀྱི་སེམས་སུ་དགའ་སྐྱོའི་མཚོ་རླབས་འཕྱུར་བར་བྱེད་པ་ནི་ཡུལ་ཤུལ་ལ་ས་འགུལ་ཡོང་རྗེས་མི་དམངས་རྣམས་ཀྱིས་སྡུག་བསྔལ་བཟོད་དེ་ཏང་དང་སྲིད་གཞུང་གི་དབུ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཚང་མའི་རྒྱབ་སྐྱོར་ལ་བརྟེན་ནས་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཚུལ་བསྟན་པའི་རིག་རྩལ་ལེ་ཚན་དེ་རེད།ཡུལ་ཤུལ་མི་དམངས་རྣམས་ཀྱིས་རང་བྱུང་གནོད་སྐྱོན་མདུན་ལ་རང་ཆོས་རང་བཤིག་མིན་པར་ཕྱར་བ་གྲུ་འདེགས་ཀྱི་སྙིང་སྟོབས་ཆེན་པོ་མིའི་རིགས་ལ་བསྟན་པ་ནི་དངོས་གནས་རྗེས་སུ་ཡི་རངས་བྱ་འོས་པ་ཞིག་ལགས།དཀར་མཛེས་ཁུལ་གྱི་རིག་རྩལ་འཁྲབ་སྟོན་དང་རྒྱན་གོས་འཁྲབ་སྟོན་གང་གི་ཐོག་ནས་བལྟས་ནའང་མི་སྨོན་རང་སྐྱིད་ཀྱི་ཚད་དུ་བསླེབས་འདུག་ཅེས་ཟེར་ཆོག་པ་ཞིག་རེད།རིག་རྩལ་ཆེད་སྟོན་གྱི་དགོང་མོར《བཀྲ་ཤིས་པའི་གསོལ་བ་འདེབས།》དང《དཀར་མཛེས་ཞབས་བྲོ།》《རྟའུ་ཡི་འདྲ་པའི་མ་ཎི་སྐོར་བྲོ།》《རྒྱལ་རོང་བུ་མོ།》ཞེས་པའི་བྲོ་ཡིས་ལྟད་མོ་བ་རྣམས་ལ་ལྟ་བས་མི་ཆོག་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་གནང་བས་འཁྲབ་སྟོན་གྱི་འགོ་ནས་མཇུག་བར་ཐལ་སྒྲ་དང་ཀི་སྒྲ་ཡི་རྒྱུན་མ་ཆད།ཁྱད་པར་དུ་རྒྱན་གོས་འཁྲབ་སྟོན་དུ་ཁམས་པའི་ཕོ་སར་དང་མོ་སར་རྣམས་ཀྱིས་ས་ཁོངས་ཀྱི་འཚོ་བའི་གོམས་གཤིས་དང་རིན་ཐང་ལྟ་བ་མངོན་པར་དོད་པའི་རྒྱལ་རོང་གི་རྒྱན་གོས་དང་འབྲོག་ཁུལ་གྱི་རྒྱན་གོས།མི་ཉག་བའི་རྒྱན་གོས་བཅས་ཕྱོགས་ཡོངས་ནས་འཁྲབ་སྟོན་བྱས་པས་ཚང་མས་ཡག་པོ་རེད་དང་བཟང་གི་འདུག་ཅེས་གདེང་འཇོག་མཐོན་པོ་བྱས།༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།


༢རྣམ་པ་མཚར་བའི་པར་རིས་དང་བྲིས་གཟུགས།ཐང་ག་འགྲེམ་སྟོན་དང་དམངས་ཁྲོད་ལུས་རྩལ།
སྐབས་བདུན་པའི་སྒྱུ་རྩལ་དུས་ཆེན་ནང་གླུ་གར་དང་རྒྱན་གོས་འཁྲབ་སྟོན་མ་ཚད་པར་ས་གནས་སོ་སོའི་སྒྱུ་རྩལ་པ་དང་རིག་གནས་པ་རྣམས་ཀྱི་ཕྱག་ཟུང་ལས་ཐོན་པའི་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་པར་རིས་དང་བྲིས་གཟུགས།ཐང་ག་སོགས་འགྲེམ་སྟོན་བྱས་པས་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོ་འབྱེད་པའི་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་བཞི་ལྷག་ཙམ་གྱི་རིང་ལ་ཕྱོགས་སོ་སོ་ནས་ཡོང་བའི་རིག་གནས་པ་དང་སྒྱུ་རྩལ་པ།སློབ་ཆུང་དང་སློབ་འབྲིང་གི་དགེ་སློབ་རྣམས་འགྲེམ་སྟོན་ཁང་དུ་ཡོང་ནས་གྱ་ནོམ་པའི་སྒྱུ་རྩལ་གྱི་ལོངས་སྤྱོད་ལ་མྱོང་རོལ་བྱས་པ་རེད།པར་རིས་ཡིན་ཡང་རུང་།བྲིས་གཟུགས་ཡིན་ཡང་ཆོགཐང་ག་ཡིན་ནའང་འདྲ་ཚང་མ་ལ་གཞན་དང་མ་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་མོད།ང་ཚོ་ཚང་མའི་ཡིད་སེམས་འཕྲོག་པ་ནི་ཡུལ་ཤུལ་ཁུལ་གྱི་རྒན་བཀྲ་དགའ་ཡི་བརྩམས་ཆོས་དེ་རེད།ཁོང་གིས་བོད་ཀྱི་སྲོལ་རྒྱུན་རི་མོ་བཀྲ་ཤིས་རྟགས་བརྒྱད་ཀྱི་ཐོག་ལ་རི་མོ་སོ་སོའི་བསྟན་དོན་གཙོ་བོ་མཚོན་པའི་དག་ཅིང་གསལ་ལ་གསོན་ཉམས་དོད་པའི་བོད་ཀྱི་ཡིག་གཟུགས་བྲིས་ནས་ཡོད་པས་རི་མོ་དང་བྲིས་གཟུགས་གཉིས་ཕན་ཚུན་གཅིག་རོགས་གཅིག་འདེགས་ཀྱིས་ལྷན་དུ་སྦྱར་བ་ཧ་ཅང་མཛེས་པའི་ཉམས་ཤིག་ཤར་འདུགརྒན་བཀྲ་དགའ་ཡིས་གསུངས་པ་ནང་བཞིན་བོད་ཀྱི་ཡིག་གཟུགས་ནི་ཉམས་བརྒྱས་བརྒྱན་ལ་བྲིས་ན་ཡིད་སེམས་ཞི་ལྷོད་དུ་ཕབ་ཅིང་བལྟས་ན་ལུས་སེམས་ཡང་མོར་ཆགས་ཐུབ་པའི་ནུས་པ་ལྡན་ཡང་སྒྱུ་རྩལ་གྱི་ཚེ་སྲོག་ནི་གསར་གཏོད་ཡིན་པས་བོད་ཀྱི་བྲིས་པ་རྣམས་ཀྱིས་དུས་དང་བསྟུན་ཏེ་གསར་གཏོད་ཀྱི་རང་བཞིན་ལྡན་ལ་ལུགས་དང་མཐུན་པའི་བྲིས་གཟུགས་ལ་འབད་པ་བྱ་དགོས།༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།

སྐེ་འཐེན་དང་སྦེ་ག།རྟ་རྒྱུག་དང་རྡོ་འགྱོགས་སོགས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་དམངས་ཁྲོད་ཀྱི་ལུས་རྩལ་ཡིན་པས་བོད་རིགས་མི་དམངས་རྣམས་ཀྱི་ལུས་པོ་སྦྱོང་བརྡར་དང་མི་སེམས་གཅིག་སྒྲིལ།དཔའ་ངར་ཆེར་བསྐྱེད་བཅས་ཀྱི་ཐད་ལ་ནུས་པ་བཏོན་དང་འདོན་བཞིན་ཡོད།ཐེངས་འདིའི་སྒྱུ་རྩལ་དུས་ཆེན་དུའང་གླང་ཆེན་ཐག་འཐེན་དང་བྱེ་སྒྱེ་པང་བའི་དམངས་ཁྲོད་ལུས་རྩལ་གཉིས་བཞག་ཡོད་པས་ཆབ་མདོའི་ས་ཁུལ་སོ་སོ་ནས་ཡོང་བའི་སྐྱེས་པ་དང་བུད་མེད་རྣམས་འགྲན་བསྡུར་ནང་ཞུགས་ཏེ་བོད་མི་རྣམས་ཀྱི་རྩེད་མོ་ལ་དགའ་བའི་གཤིས་ཀ་དང་ཤེད་ཤུགས་ཆེ་བའི་སྐྱེད་གཟུགས།འགྲན་རྩོད་དུ་ཞུགས་ཕོད་པའི་སྙིང་སྟོབས་བཅས་མངོན་གསལ་དུ་བསྟན་པས་འབོད་སྒྲ་དང་དགོད་སྒྲ་ཡིས་གནམ་ས་འགེངས་པར་བྱས།༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།

༣        རིག་པ་ཀློང་དུ་བརྡོལ་བའི་རིག་གནས་བགྲོ་གླེང་།
སྐབས་བདུན་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ནང་གོང་དུ་བཀོད་པའི་གླུ་གར་དང་དམངས་ཁྲོད་ལུས་རྩལ།ཡིག་གཟུགས་དང་པར་རིས་འགྲེམ་སྟོན་མ་ཚད་ཁམས་པའི་རིག་གནས་གླེང་སྟེགས་ཞེས་པ་བཙུགས་ཏེ་རྒྱལ་ཡོངས་ས་ཆ་སོ་སོའི་སྒྱུ་རྩལ་པ་དང་བོད་རིག་པ་བ་རྣམས་གདན་དུ་དྲངས་ནས་ཁམས་པའི་རིག་གནས་ཀྱི་ལོ་རྒྱུས་གྲུབ་རྐྱེན་དང་འཕེལ་རྒྱས་གོ་རིམ་ལ་གྲོས་བསྡུར་དང་།ཁམས་པའི་རིག་གནས་ཀྱི་ནང་སྙིང་སྔོག་འདོན་དང་གསེད་བཀྲོལ།ཁམས་པའི་རིག་གནས་ཀྱི་ཞིབ་འཇུག་འབྲས་བུ་འགྲེམ་སྟོན་བྱས་ཏེ་ཁམས་པའི་རིག་གནས་ཀྱིས་ཁམས་པའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྔོན་ལས་ཀྱང་ཞབས་འདེགས་ཞུ་ཐུབ་པར་བྱས།གླེང་སྟེགས་ཐོག་ལ་སྒྱུ་རྩལ་པ་དང་ཆེད་མཁས་པ་རྣམས་ཀྱིས་ཕུན་སུམ་ཚོགས་ལ་རྣམ་པར་བཀྲ་བའི་ཁམས་པའི་རིག་གནས་གསལ་སྟོན་དང་བརྒྱུད་སྒྲོག་མཛད་པས་༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།
མི་མང་པོ་ཡིས་ཁམས་པའི་རིག་གནས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཤིག་རྙེད།སློབ་དཔོན་ཆེན་མོ་འཇམ་དཔལ་རྒྱ་མཚོ་ཡིས་ཁམས་པའི་སྒྱུ་རྩལ་དུས་ཆེན་ནི་ཁམས་ཁུལ་གྱི་ས་གནས་སོ་སོའི་བར་རིག་གནས་དང་དཔལ་འབྱོར་བརྗེ་རེས་བྱེད་པའི་དུས་ཆེན་ཞིག་ཡིན་པ་མ་ཚད་ཁམས་པའི་རིག་གནས་ཕྱི་རོལ་ཡུལ་དུ་འགྲེམ་སྟོན་བྱས་ཏེ་དེ་ལས་མང་བའི་མི་རྣམས་ལ་རྒྱུས་ལོན་བྱེད་དུ་འཇུག་པའི་གོ་སྐབས་བཟང་པོ་ཞིག་ཀྱང་ཡིན།བོད་རིགས་མི་དམངས་རྣམས་ཀྱི་རིག་པའི་རྩལ་ལས་ཐོན་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་རང་རིགས་ཀྱི་ལོ་རྒྱུས་དང་རིག་གནས།ཡུལ་སྲོལ་བཅས་ཀུན་ཏུ་འདུས་ཡོད་པས་རྒན་གཞོན་དར་གསུམ་གྱིས་གེ་སར་སྒྲུང་ལ་རྒྱུས་ལོན་དང་སློབ་སྦྱོང་བྱེད་དགོས་པ་དང་།ས་ཆ་སོ་སོའི་སྒྲུང་པ་རྣམས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་གེ་སར་ཞིབ་འཇུག་དང་གེ་སར་རིག་གནས་དར་སྤེལ་གཏོང་བ་ལ་ནུས་པ་ཅི་ཡོད་འདོན་དགོས་ཞེས་གསུངས།བོད་ཀྱི་གདངས་རྩོམ་པ་པོ་གྲགས་ཅན་སྨོན་ལམ་རྡོ་རྗེས་གསུངས་པ་ལྟར་ན།བོད་ཀྱི་དེང་རབས་རོལ་དབྱངས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁོར་ཡུག་ཏུ་ཐོན་པ་ཡིན་པས་སྲོལ་རྒྱུན་ལས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།ཕུལ་དུ་བྱུང་བའི་རོལ་དབྱངས་ཀྱི་བརྩམས་ཆོས་མང་པོ་ནི་སྲོལ་རྒྱུན་གྱི་རྨང་གཞིའི་སྟེང་ལ་དེང་རབས་ཀྱི་རྒྱུ་ཆ་ཡང་འཛོམས་པ་ཞིག་ཡིན།རེད་དེ།བོད་ཀྱི་དེང་རབས་རོལ་དབྱངས་ཀྱི་ཐད་ལ་དུ་དུང་མི་འདང་སའང་མང་པོ་ཡོད་དེ་རོལ་དབྱངས་གསར་རྩོམ་པ་ཉུང་བ་དང་རོལ་དབྱངས་ཚོགས་པའི་སྒྲིག་གཞི་འཐུས་ཚང་མིན་པ།རོལ་དབྱངས་ཚོང་རའི་ནང་དུ་བཀྲམ་པའི་ཉམས་མྱོང་མེད་པ་སོགས་ཀྱི་གནས་ཚུལ་ནི་ང་ཚོས་ཤེས་དགོས་པ་ཞིག་རེད།
རི་མོ་བ་གྲགས་ཅན་ཁམས་སྐལ་བཟང་ཡེ་ཤེས་ཀྱིས་མཐོ་སྒང་དུ་ཡུལ་སྐོར་ལྗོངས་རྒྱུའི་སྲོལ་དར་བའི་སྐབས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་གྱི་རིན་ཐང་ཡང་མངོན་པར་གསལ་ཏེ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མིང་བྱང་ལྟ་བུར་གྱུར་ཏེ་སྔོན་མ་ལྟར་དགོན་པ་ཁོ་ན་ལ་ཡོད་པ་ནས་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བའི་ཁོར་ཡུག་ཏུ་བྲིན་ཆེ་བས་ང་ཚོས་ཡང་བསྐྱར་དེའི་རིན་ཐང་ལ་ཚད་འཇལ་དང་ངོས་འཛིན་ཡང་དག་པ་བྱེད་དགོས་ཞེས་གསུངས།ཁོང་གིས་ད་དུང་དེང་རབས་ཀྱི་རྡོར་ལུགས་ཐང་གའི་ཁྱད་ཆོས་དང་རིན་ཐང་ཡང་ངོ་སྤྲོད་གསལ་པོ་བྱས་ཡོད་པས་ཀུན་གྱིས་རེ་བ་ལྡན་ལ་དཀའ་ཁག་ཀྱང་ཆེ་བའི་མ་འོངས་འབྱུང་འགྱུར་མཐོང་ལ་ཕྲག་ཐོག་གི་འགན་ལྕིའང་ཚོར།༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།

གང་ལྟར་སྐབས་བདུན་པའི་ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་ཆབ་མདོའི་ཆུ་གཉིས་བར་ལ་གཟབ་རྒྱས་ངང་འགོ་ཚུགས་ལ་གྲ་རྒྱས་ཀྱིས་འཁྲབ་སྟོན་དང་འགྲེམ་སྟོན་བྱས་ཏེ་རྒྱལ་ཁའི་ངང་མཇུག་བསྒྲིལ་བས་ཡིད་སྨོན་ཤོར་བའི་འབྲས་བུ་ནི་རྫ་ཆུ་ཡིས་རྦ་རླབས་སུ་མཆོད་དེ་ཡུལ་མི་རྣམས་ཀྱི་གསོས་སུ་འགྱུར་ངེས་ལ་དུངས་སེམས་ཀྱི་མཛའ་བཤེས་ནི་ངོམ་ཆུ་ཡི་འགྲོས་ལྟར་ཁམས་པ་བ་རྣམས་ཀྱི་སེམས་ཀྱི་ཞིང་ས་རུ་བཞུར་བས་ང་ཚོས་དར་མདོའི་རི་གསུམ་བར་ལ་ཐེངས་རྗེས་མའི་ཁམས་པའི་སྒྱུ་རྩལ་དུས་ཆེན་ལ་རེ་སྒུག་བྱའོ།།
 

  • ལེ་ཚན་སྔོན་མ།:འཇིག་རྟེན་རིལ་མོ་འམ་ཟླུམ་པོ།
  • ལེ་ཚན་རྗེས་མ།:ཕ་ཡུལ་གྱི་སྐོར་གཞས་དྲན་པ།