འཇིག་རྟེན་རིལ་མོ་འམ་ཟླུམ་པོ།

དགེ་འདུན་ཆོས་འཕེལ།        2013-09-26

འཇིག་རྟེན་རིལ་མོ་འམ་ཟླུམ་པོ།

སྔོན་ཕྱི་གླིང་ཡོ་རོབ་ཀྱི་ཡུལ་རྣམས་ན་ཡང་མ་བརྟག་པའི་སེམས་ཀྱི་འཆར་ཚུལ་བཞིན་འཇིག་རྟེན་འདི་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལབ།རིལ་མོ་ཡིན་ཞེས་སྨྲ་མཁན་ཅིག་ཀྱང་མེད།ཡུལ་སོ་སོའི་ཆོས་ལུགས་རྙིང་པ་ཐམས་ཅད་ན་ཡང་།འཇིག་རྟེན་ལེབ་ལེབ་ཡིན་བྱ་བ་ཤ་སྟག་ལས།རིལ་རིལ་ཡིན་བྱ་བ་ཡེ་མེད།དེའི་ཕྱིར་དང་པོར་རིག་པ་ཅན་འགའ་ཞིག་གིས་རིལ་རིལ་ཡིན་སྨྲས་ཚེ།གསོན་པོར་མེ་ལ་བསྲེགས་པ་སོགས་གཏམ་དེ་མི་འཕེལ་བའི་ཐབས་ཁོ་ན་བྱས།འོན་ཀྱང་མཐར་རིགས་པ་བདེན་པའི་གཟི་བརྗིད་མ་བཟོད་བར་ཐམས་ཅད་ཀྱིས་རིལ་རིལ་དུ་ཡིད་ཆེས་པ་འདི་བྱུང་།ད་ལྟ་ནི་རིལ་རིལ་ཙམ་དུ་མ་ཟད་འཇིག་འདི་ནང་གི་དཔག་ཚད་བའི་ལྔ་ཙམ་གྱི་གླིང་ཕྲན་ཙམ་ཡང་མ་ལུས་པ་རྒྱ་ཆེ་ཆུང་འདོམས་དང་ཁྲུའི་ཚད་ལ་རྒྱབ་པ་ཡང་གཏན་ལ་ཕབ་པས་ཡུལ་ཆེན་དག་ན་མཁས་པ་སུ་ལ་དོགས་པ་ཙམ་ཡང་མེད།སེང་གེ་ལ།འབར་མ།སི་ཡམ་རི་བིན།རྒྱ་ནག་སོགས་ནང་ས་སངས་རྒྱས་བ་ཀུན་ཀྱང་རིལ་རིལ་མི་བདེན་ཟེར་མཁན་གཅིག་ཀྱང་མེད།འོན་ཀྱང་རང་རེ་བོད་དུ་ནི་ད་དུང་ཡང་མིན་པའི་ཕྱོགས་ལ་ཨུ་ཚུགས་བྱེད།ཁ་ཤས་ཕྱི་གླིང་པ་གྲུ་བཏང་ནས་རྒྱ་མཚོའི་ནང་དུ་མགོ་འཁོར་པ་ཡིན་སོགས་བྱིས་པ་སེམས་མེད་ཀྱི་གཏམ་སྨྲ།བློ་ལྡན་དགའ་རེས་ཁོང་དུ་ཆུད་ཀྱང་གའན་གྱིས་ཁ་ཟེར་བ་ལ་འཇིག་ནས་ཁ་ནས་བཤད་མི་ནུས་པར་སྡོད་པ་ཡང་མཐོང་།ཡོ་རོབ་ཀྱི་མཁས་པ་རྒྱུ་མཚན་མངོན་སུམ་མ་མཐོང་པར་གང་ལ་ཡང་ཡིད་མི་ཆེས་པའི་མགོ་ཁྲེགས་མཐར་ཐུག་དེ་དག་གིས་ཀྱང་མིན་པའི་ཕྱོགས་ལ་སྡོད་མ་ནུས་པར་ཁས་བླངས་ཚར་ན།རང་རེའི་ཨུ་ཚུགས་འདིས་མཁའ་མི་འཁྱོལ་བ་སྨྲ་མ་དགོས།སངས་རྒྱས་ཀྱིས་ལེབ་ལེབ་དུ་གསུངས་པའི་ཕྱིར་བྱ་བ་འདིས་ནི་གཞན་སྡེ་ལུང་ཁས་མི་ལེན་པ་ལ་གནོད་པ་ཁབ་རྩེ་རྩམ་ཡང་མི་འཁྱོལ་བར་མ་ཟད།རང་སྡེ་ལུང་ཁས་ལེན་པ་ལ་ཡང་།སངས་རྒྱས་ཀྱི་མདོ་ཕལ་ཆེར་སེམས་ཅན་གྱི་བསམ་པ་དང་མཐུན་པར་གསུངས་པས།འདི་ཡང་དྲང་དོན་དང་ངེས་དོན་གང་ཡིན་མི་ཤེས།སྟོང་ཉིད་དང་ཐར་བའི་ལམ་རིམ་ལྟ་བུའི་དོན་ཆེན་པོ་དག་ཀྱང་སེམས་ཅན་གྱི་བསམ་པ་བཞིན་དྲང་དོན་གྱི་སྒོ་སྣ་ཚོགས་སུ་གསུངས་ན་ཡང་སྣོད་བཅུད་ཀྱི་རྣམ་བཞག་འདི་འདྲ་ལ་སྨྲས་ཅི་དགོས།སངས་རྒྱས་ཞལ་བཞུགས་དུས་དགེ་སློབ་རྣམས་ཀྱི་ཟས་ཟ་སྟངས་ཡུལ་དུས་དང་མི་མཐུན་པ་ཁྱིམ་པ་རྣམས་ཀྱི་སེམས་ལ་མི་འགྲོ་བ་ཕྲན་བུ་རེ་བྱུང་བ་ལ་ཡང་།དེ་འདྲ་མི་རུང་ཞེས་ཁྲིམས་བཅའ་བར་མཛད་མ།དེ་དུས་འཇིག་རྟེན་ཐམས་ཅད་ལས་ལེབ་ལེབ་ཡིན་ཞེས་རླུང་ལྟར་གྲགས་པས།སངས་རྒྱས་ཀྱིས་རིལ་རིལ་ཞེས་གསུང་ཀྱང་སུའི་རྣ་བར་འགྲོ།ནན་གྱིས་གསུང་ཀྱང་ངོན་ཅི་ཡང་མོད་རྫུ་འཕྲུལ་གྱིས་དངོས་སུ་བསྟན་ན་ཡང་།དེང་སང་སྐྱེས་བོ་ཚོས་ཡང་ཁྲག་ཁྲིག་གིས་མངོན་གསུམ་དུ་གྱུར་བའི་སྐབས་སུ་ཡང་།ད་དུང་རང་རེས་ཁོང་ཚོ་མགོ་འཁོར་བ་ཡིན་ཞེས་སྨྲ་བ་ལྟར།གོ་ཏ་མའི་མིག་འཕྲུལ་ཡིན་བྱ་བ་ལས་ཡིད་ཆེས་བ་མི་འོང་ངེས།དེ་ན་རང་རེ་ཀུན་གྱིས་ཡི་གེ་ལས་མཐོང་བའི་འཇིག་རྟེན་དེ་ལས་མིག་གིས་མཐོང་བའི་འཇིག་རྟེན་འདི་ལ་ཡིད་ཆེས་ན་ལེགས་སོ།།
  • ལེ་ཚན་སྔོན་མ།: ཨ་མ་དྲན་པའི་མིག་ཆུ།
  • ལེ་ཚན་རྗེས་མ།:༄༅།།ཆབ་མདོ་ཆུ་གཉིས་བར་ལ།སྒྱུ་རྩལ་རྦ་རླབས་འཕྱུར་སོང་།