ཨ་མ་དྲན་པའི་མིག་ཆུ།

ལི་ཐང་།(བདེ་སྐྱིད་ཀྱིས།)        2013-07-29

འདས་ཟིན་པའི་ལོ་ཟླ་ལ་ཕྱི་མིག་ཅིག་ལྟ་བུས། །ངས་ཁྱེད་ཀྱི་བྱམས་བརྩེའི་མིག་ཟུང་དེ་དྲན་བྱུང་། །ཁྱེད་ང་ལ་དལ་འབྱོར་གྱི་མི་ལུས་འདི་བསྐྲུན་པས། །མ་ཁྱེད་ཀྱི་དྲོད་ཁོལ་གྱི་བརྩེ་དུང་དེ་བརྗོད་མཐའ་བྲལ། །
    ཨ་མ་ལགས།དང་ཐོག་ང་རང་འཇིག་རྟེན་འདི་རུ་སླེབས་དུས། དྲིན་ཆེན་མ་ལོ་ཁྱེད་ཀྱིས་ངུ་སྐད་ཀྱི་འཚེར་སྒྲ་སྒྲོག་པའི་ཤ་རྡོག་དེ་རང་གི་ཤ་འཇམ་གྱི་དྲོད་ལ་སྦྱར་ནས་དགའ་བ་འབུམ་དང་བཅས་ཏེ་ནུ་ཞོ་མངར་མོ་སྟེར།
    ཨ་མ་ལགས། ཁྱེད་ཀྱི་རྔུལ་ཆུ་དང་དཀའ་སྡུག་གིས་ངའི་མི་ཚེ་ལ་བདེ་སྐྱིད་བསྐྲུན། ཁྱེད་ཀྱིས་ང་ལ་བདེ་ཐང་གི་མི་ལུས་ཤིག་བསྩལ་བ་མ་ཟད་འཇིག་རྟེན་འདིའི་ཡང་དག་པའི་ལམ་སྣ་ཕྱོགས་ལ་གོམ་ཁ་བསྒྱུར་དུ་བཅུག

   ཨ་མ་དྲན་པའི་མིག་ཆུ།

 ཨ་མ་ལགས། ཁྱེད་ཀྱིས་དཀའ་སྡུག་ལས་བྱུང་བའི་འོ་ཇ་དཀར་པོ་དང་འབྲི་མར་སེར་པོས་བུ་མོ་ང་ལ་གཟི་བྱིན་དང་ནུས་ཤུགས་དཔག་མེད་སྟེར།
    ཨ་མ་ལགས། ཁྱེད་ཀྱི་སློབ་གསོ་དང་སྙིང་གཏམ་རེ་རེས་བདག་གི་སེམས་པ་ལ་རྡོ་བརྐོས་རི་མོ་ལྟར་ལྷང་ངེར་བཀྲ་ལ། ཁྱེད་ཀྱིས་བདག་གི་ཆེད་དུ་ཡོད་ཚད་ཕུལ། འོན་ཀྱང་། ང་རང་ཨ་མའི་ལྟེ་ཐག་དང་ཁ་བྲལ་ནས་ཡུན་རིང་མ་འགོར་བར་མ་ལོ་བདག་དང་ཁ་བྲལ། བུ་མོ་གཅིག་པུ་འཇིག་རྟེན་འདི་ན་བཞག་ནས་བྱ་རོག་ལྡིང་། སྡོང་པོ་ལུས་ཞེས་པའི་དཔེ་ལྟར་གྱུར། བུ་མོ་ན་ཚོད་མ་ལོན་པར་ཨ་མ་ཞིང་གཞན་ལ་སོང་བས་བུ་མོས་ཨ་མ་ལ་འཇམ་པའི་གོས་ཤིག་དང་ཞིམ་པོའི་ཟས་ཤིག་ཀྱང་ཕུལ་ཁོམ་མ་བྱུང་བས། འགྱོ ད་སེམས་དང་སྐྱོ་གདུང་གཉིས་མནར་གྱི་བུ་མོ་ངའི་སེམས་ནི་སྙིང་རྗེ་བྲལ་བའི་ལས་དབང་ངན་པས་དུམ་བུར་བཅད་སོང་།
    འཇིག་རྟེན་འདིར་ཆེས་སྡུག་བསྔལ་བ་ནི་དྲིན་ཆེན་ཨ་མ་དང་ཁ་བྲལ་བ་དེ་རེད། དེང་སང་ང་རང་ནར་སོན་ནས་སློབ་གྲྭ་ན་བརྩོན་པ་ལྷོད་མེད་ཀྱིས་སློབ་སྦྱོང་གི་སྦྱངས་འབྲས་གཡུར་དུ་ཟ་ཞིང་། བདེ་སྐྱིད་འཚོ་བར་རོལ་བཞིན་མཆིས་པ་ཨ་མས་ག་ལ་ཤེས།
    ཆར་པ་ཤག་ཤག་འབབ་པའི་མཚན་མོ་དེར། །སློབ་གྲྭའི་ར་བར་ཡོད་པའི་བུ་མོ་ངས། །དྲིན་ཆེན་མ་ལོ་དྲན་པའི་མིག་ཆུ་དེ། །རང་དབང་མེད་པར་སྙིང་གི་ཁ་ནས་བཞུར།
  • ལེ་ཚན་སྔོན་མ།:ཨ་མའི་སེམས།
  • ལེ་ཚན་རྗེས་མ།:འཇིག་རྟེན་རིལ་མོ་འམ་ཟླུམ་པོ།