བོད་ཀྱི་སྒྲ་སྙན་རྡུང་ལེན།

རེབ་གོང་།(ཚེ་རིང་དོན་གྲུབ་ཀྱིས།)        2013-07-04

བོད་ཀྱི་སྒྲ་སྙན་རྡུང་ལེན།

   སྒྲ་སྙན་རྡུང་ལེན་ནི་ཀུན་ལ་གསལ་ཆ་ཡོད་ཅིང་རྒྱུན་དུ་ལག་ལེན་བྱེད་བཞིན་པའི་བོད་ཀྱི་རོལ་ཆས་ཤིག་ཡིན། ང་ལ་མཚོན་ན་སྒྲ་སྙན་རྡུང་ལེན་ནི་ཆུང་བྱིས་པའི་དུས་ནས་རྣ་ཐོས་གོ་ཐོས་སུ་གྱུར་ཡོད་ལ། སྒྲ་སྡུད་འཕྲུལ་ཆས་སམ་སྟོན་མོ་སོགས་ནས་རོལ་ཆས་འདི་ལ་ཉན་རྒྱུར་ཤིན་ཏུ་དགའ་བ་ཡིན། རྡུང་ལེན་གྱིས་དགའ་སྐྱོ་ཆགས་སྡང་གི་སེམས་འགྱུར་མང་པོ་ཞིག་མཚོན་ཐུབ་ཅིང་། གསོན་ཉམས་ལྡན་པའི་གཞས་ཚིག་རེ་རེ་དང་། འགྱུར་ཁུགས་སྙན་པའི་དབྱངས་རྟ་རེ་རེས་མི་རེ་རེའི་སེམས་ཁམས་ལ་བརྗོད་དཀའ་བའི་སྣང་བརྙན་གང་མང་ཞིག་བསྐྲུན་བཞིན་ཡོད། ངས་ཐོག་མར་གོ་བ་ནི་ཨ་ཁུ་དཔལ་མགོན་གྱི་རྡུང་ལེན་ཡིན་ལ། ཁོས་བླངས་པའི་ཨ་ཁུ་པད་མ་དང་། སྙིང་རྗེ་ན་རྗེ་རྒྱུ་ག་ན་ཡོད། འདི་ཆུང་རྟགས་མ་རེད་རྒས་རྟགས་རེད། བདེ་ལྡན་ཞིང་གི་སྨོན་འདུན་སོགས་ཀྱིས་མི་གང་མང་མང་གི་ཡིད་ཀྱི་དང་བ་བཀུག་མྱོང་། ཕྱིས་སུ་རྡུང་ལེན་མཁན་པོར་བརྩི་བའི་རྒན་ཁོང་གིས་གསར་སྐྱེས་རྡུང་ལེན་པ་སྐོར་ཞིག་ལ་རྡུང་ལེན་གྱི་སྒྱུ་རྩལ་བསླབ་པས། སྒྲ་སྙན་རྡུང་ལེན་དར་ཁྱབ་ཆེན་པོ་བྱུང་། ལྷག་པར་དུ་ཀན་ལྷོའི་རྨ་ཆུ་ནི་རྡུང་ལེན་སྒྱུ་རྩལ་གྱི་ཕ་ས་ལྟ་བུར་ཆགས་ཡོད།
    གོ་ཐོས་སུ། སྒྲ་སྙན་རྡུང་ལེན་ནི་མངའ་རིས་སྒྲ་བརྙན་ལས་ཨ་མདོའི་ས་ཁུལ་དུ་དར་བར་གྲགས་ལ། བཤད་རྒྱུན་དུ་ཨ་ལགས་གུང་ཐང་ཚང་གིས་རྡུང་ལེན་པ་དཔལ་མགོན་ལ་བསླབས་པ་རེད་ཅེས་གོ་མྱོང་། དཔལ་མགོན་གྱི་རྗེས་ནས། གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་དང་། རྡོ་རེད། ལུ་གུ་རྒྱལ། མགོན་པོ་དོན་གྲུབ། ཤེར་བསྟན་སོགས་རྡུང་ལེན་པ་སྐོར་ཞིག་བྱུང་ལ། བཀྲ་ཤིས་སྒྲོལ་མ་དང་། རིན་ཆེན་འཚོ། ཆོས་མཚོ་སྐྱིད་ལ་སོགས་པའི་བུད་མེད་རྡུང་ལེན་པའང་སྐོར་ཞིག་བྱུང་ཡོད། ད་ལྟ་རྡུང་ལེན་ནི་འཚོ་བའི་ནང་གི་རོལ་རྩེད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། རྡུང་ལེན་སྒྱུ་རྩལ་འདི་ཉིད་དར་རྒྱས་དང་། རྒྱུན་འཛིན་བྱེད་ཆེད། མི་སྒེར་དང་ལས་ཁུངས་སོགས་ཀྱིས་ཀྱང་རྡུང་ལེན་སྒྱུ་རྩལ་གྱི་ཟབ་སྦྱོང་འཛིན་གྲྭ་དང་། རྡུང་ལེན་འགྲན་བསྡུར་སོགས་རབ་དང་རིམ་པ་སྤེལ་ལ། དེ་དག་ཁྲོད་དུ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་བསྡུས་པའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་ཐེངས་བཞི་སྤེལ་བ་དེས་སྤྱི་ཚོགས་སྟེང་གྲགས་འགུལ་མི་ཉུང་བ་ཞིག་བཟོས་ཤིང་། དེ་དང་ཆབས་ཅིག རྡུང་ལེན་པ་མཐར་ཆེན་དང་། རྟ་མགྲིན་བཀྲ་ཤིས་སོགས་གཞོན་སྐྱེས་རྡུང་ལེན་པ་སྐོར་ཞིག་དང་། ཟླ་བ་ཚེ་རིང་། ཚེ་རིང་དོན་གྲུབ་ལ་སོགས་པའི་ལོ་ཆུང་རྡུང་ལེན་པ་འགའ་ཡང་འཚར་ལོངས་བྱུང་བ་རེད། ད་ལྟའི་ཆར་ཡང་གསར་སྐྱེས་རྡུང་ལེན་པ་ནི་ཆར་རྗེས་ཀྱི་མྱུ་གུ་བརྡོལ་བ་བཞིན་ཐོན་བཞིན་ཡོད་ལ། བོད་ཀྱི་རྡུང་ལེན་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ནུས་པ་མི་དམན་པ་ཐོན་བཞིན་ཡོད།

    བོད་ཀྱི་སྒྲ་སྙན་རྡུང་ལེན།

རྡུང་ལེན་གྱི་དབྱངས་རྟའི་རྣམ་པ་ཕུན་སུམ་ཚོགས་ཤིང་། གསར་རྩོམ་གྱི་གཞས་ཚིག་ལ་ཡང་སྣ་ཅི་རིགས་པ་ཡོད། ལོ་རབས་བདུན་ཅུ་བརྒྱད་ཅུའི་སྐབས་སུ་གྲགས་ཆེ་བ་ནི། སྨན་བླ་སྐྱབས་ཀྱི་ཚིག་དང་། པད་མའི་དབྱངས། བདུད་བྷེའི་ངག་བཅས་པ་དེའོ། ། རྡུང་ལེན་གྱི་གཞས་ཚིག་མང་ཤོས་ནི་ཚིགས་བཅད་ཀྱི་རིགས་སུ་གཏོགས་ཤིང་། གཙོ་བོ་ཁ་ཏ་སློབ་གསོ་གཏོང་བ་དང་། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་བསྟོད་པ། དྲན་པའི་གདུང་བ་བརྗོད་པ། དུས་བཞི་དང་དུས་ཆེན་ལ་བསྔགས་པ། བདེ་སྐྱིད་འཚོ་བར་བསྟོད་གླུ་ལེན་པ། དྲིན་ཆེན་ཕ་མའི་བཀའ་དྲིན་དང་ངོ་སོ་ཡར་ལ་བསྟོད་པ། ན་ཟླ་འཛོམས་གླུ་སོགས་ནང་དོན་མཐའ་ཡས་པ་མཆིས་སོ། །
    རྡུང་ལེན་སྒྱུ་རྩལ་ལ་དགའ་བའི་གྲོགས་པོ་ཚོས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དྲ་བ་ནས་རྡུང་ལེན་སྐོར་ཞིག་ལ་གསན་ཆོག་པ་རེད།
  • ལེ་ཚན་སྔོན་མ།:ཕྲག་དོག་གི་མེ་ལྕེ།
  • ལེ་ཚན་རྗེས་མ།:མ་ཡུམ་སློབ་གྲྭ་དང་གྱེས་བྲལ།