ཕྲག་དོག་གི་མེ་ལྕེ།

        2013-06-05

རང་གི་རྙེད་བདེ་སྙན་བསྟོད་ལ་ཆགས་ཏེ་གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་པ་འཁྲུག་པ་ནི་ནང་གི་འགྱུར་བ་ཡིད་ཀྱི་ཕྲག་དོག་དང་།དེས་ཁ་ལོ་བསྒྱུར་བའི་ཚིག་རྩུབ་དང་ངག་རྐྱལ་ནི་ངག་གི་ཕྲག་དོགདེ་ལས་ཆེས་ཆེར་འཕེལ་ཏེ་དབྱེན་སྦྱོར་དང་འཁོན་འཛིན་བྱེད་པ་ནི་ལུས་ཀྱི་ཕྲག་དོག་བཅས་སྒོ་གསུམ་ལས་ཀྱི་ཐ་མ་ཉེ་བའི་ཉོན་མོངས་ཉི་ཤུའི་ནང་གསེས་ཕྲག་དོག་ཅེས་བྱའོ།མཚན་ཉིད་པ་རྣམས་ཀྱིས་འདོད་ཆགས།ཞེ་སྡང་།གཏི་མུགང་རྒྱལ།ཕྲག་དོག་ལ་རྩ་བའི་ཉོན་མོངས་དུག་ལྔ་ཞེས་དུག་གི་གྲས་སུ་བཞག་པའང་འཇིག་རྟེན་མི་ཆོས་དང་ཞི་བ་ལྷ་ཆོས་གང་གི་ཐད་དུ་སྦྱར་རུང་རྒྱུ་མཚན་མེད་པ་མིན་ཏེ།ལོ་རྒྱུས་ལ་ཕྱི་ལྟ་ཞིག་གྱིས་དང་།མིག་རྒྱང་རིང་བའི་རྒྱལ་པོ་མདའ་ཡིས་བཀྲོངས་ཏེ་རྡོ་རིང་གི་མདུན་དུ་དབུགས་ཤོར།དཔའ་རྩལ་ཆེ་ཞིང་རྟུལ་ཕོད་པའི་བློན་པོ་ནང་འཁྲུག་གིས་སྤྱན་མིག་དྲུས།ཤེས་རིག་བྱང་དུ་ཆུད་པའི་ལོ་པཎ་ས་མཐར་བསྐྲད།རིག་གསར་ཡུལ་དུ་འདྲེན་པའི་རྒྱལ་ཁམས་པ་མ་ཉེས་ཁག་གཡོགས་ཀྱིས་བཙུན་དུ་བཅུགརྨོངས་མུན་གྱི་རྨི་ལམ་དཀྲོགས་པའི་རྩོམ་རིག་སྨྲ་བའི་ཁྱུ་མཆོག་གིས་མ་འདོད་བཞིན་དུ་རང་སྲོག་ལྕེབས་པ་བཅས་སྐྱོ་གར་ཡོད་ཚད་ནི་ཕྲག་དོག་གི་བཀའ་དྲིན་མ་ཡིན་ནམ།སེར་སྣ་ཅན་ལ་ཡོད་དུས་མེད།ཞེ་སྡང་ཅན་ལ་དགའ་དུས་མེད།།ཕྲག་དོག་ཅན་ལ་མགུ་དུས་མེད་ཅེས་གསུངས་པའི་མཁས་པ་དེས་ཀྱང་ཕྲག་དོག་གིས་བཀལ་བའི་ཁུར་པོ་འཁུར་འདོད་མེད་ཅིང་ཕྲག་དོག་གིས་མྱོས་པའི་ཉོན་མོངས་ཅན་ལ་ཡིད་མ་རངས་པ་ལོས་ཡིན།ཁོག་རྒྱ་དོག་མོར་རང་ལས་ཅི་ཡང་མི་ཤོང་བའི་མི་དེ་རིགས་ཀྱི་སྣང་ངོར་གཞན་གྱི་ཤེས་ནུས་རྩལ་གསུམ་ནི་ཁོང་གི་སྡུག་བསྔལ་གྱི་རྒྱུ་དང་།གཞན་གྱི་བགེགས་རྐྱེན་ནི་ཁོ་པའི་བདེ་བའི་རྒྱུར་གྱུར་པས་ཁོག་པ་དོག་པས་ཕྲག་པ་དོགཕྲག་པ་དོག་པས་མིག་ལམ་དོག་ཅེས་དང་།ཁོག་པ་དོག་པོས་མི་བསམ་དགུ་བསམ་བྱེད།ཕྲག་དོག་ཅན་གྱིས་མི་ལས་དགུ་ལས་བྱེད་ཅེས་ཀྱང་སྨྲའོ།།
ཉོན་མོངས་དུག་ལྔ་རེ་རེ་ནས་བགྲང་དུས་ཕྲག་དོག་ནི་གྲལ་མཐར་འཇོག་ཡོད་པ་ལ་ཁོ་བོས་བསམས་ན་མི་གང་ཞིག་ལ་རང་ཉིད་ཀྱི་ཁེ་སྤོགས་དང་བདེ་བ་ཁོ་ན་འདོད་པའི་ཆགས་ཞེན་ཆེ་སོང་ན་གཞན་གྱི་ཕུན་སུམ་ཚོགས་པ་ལ་མ་མགུ་སྟེ་ཞེ་ནས་སྡང་བ་དང་།སྡང་སེམས་རྒྱུད་ལ་འབྱོར་བས་མི་གཤིས་ཀྱང་ཡ་མ་བརླ་རུ་གྱུར་ཏེ་ལུགས་ཟུང་གཉིས་ལ་མ་རིག་གཏི་མུག་ཕག་ལྟ་བུའི་བསམ་སྦྱོར་གྱིས་ངའོ་སྙམ་པའི་ཅོལ་ཆུང་ང་རྒྱལ་སྐྱེས་ཏེ་ཕྲག་དོག་གི་ཆུ་འཁོལ།རླངས་པ་འཕྱུར།དུག་དྲི་འཐུལ་བས་ཡོད་ཚད་རང་ལ་ཆགས་ཞེན་ཆེ་བ་ཡིས་འགོ་བསླངས་ཏེ་ཕྲག་དོག་གིས་འཇུག་བསྡུས་པ་ན་ཐ་སྙད་རིག་པ་ལ་མཁས་པ་རྣམས་ཀྱིས་གོ་རིམ་དེ་ལྟར་བསྒྲིགས་པའང་གཏན་ཚིགས་དང་མཐུན་པ་ཞིག་རེད།ཕྲག་དོག་གི་སེམས་ཁམས་ནི་མཐུན་སྒྲིལ་གྱི་གཤེད་མ་གྱུར་ཏེ་གཅིག་གྱུར་གྱི་ཕུང་པོ་གཏོར་བར་བྱེད།ཡ་རབས་ཀྱི་སྲོལ་བཟང་བརླག་པར་བྱེད་པའི་ཚ་བའི་རང་བཞིན་དང་བསྲེག་པའི་བྱེད་ལས་ལྡན་པ་ན་ཁོ་བོས་དེའི་མཚན་གཞིར་མེ་ལྕེ་བཞག་པ་ཡིན།མེ་ལྕེ་ཆུང་ངུ་སྙམ་མི་བྱ།དེ་ཡིས་རི་བོའི་ཕུང་པོ་བསྲེག་པར་བྱེད་ཅེས་པ་ལྟར་སུ་ཡི་ཁོག་པར་མེ་ལྕེ་དེ་འབར་བས་ན།དེའི་སྣ་ལས་དུ་བ་འཕྱུར།ཁ་ནས་མེ་སྟག་མཆེད་དེ་གྱོད་དང་ཁ་མཆུའི་ཡོ་ལང་འཁྲུགགྱོང་དང་སྡུག་གི་སྣ་འདྲེན་བྱེད།སྤྱིར་འགྲོ་བ་མིའི་སེམས་ཁམས་སུ་ཆེ་ཆུང་མ་གཏོགས་ཕྲག་དོག་གི་འདུ་ཤེས་མེད་མི་སྲིད་མོད།སྤྱི་སེམས་ལྡན་ལ་མིག་རྒྱང་རིང་བ།མཐོང་རྒྱ་ཆེ་ཞིང་གོ་ཐོས་མང་བ།ཡིད་ཆེས་སྐྱེད་ལ་སྤོབས་སེམས་ཆེ་བའི་ངེས་པ་དོན་གྱི་སྐྱེས་བུ་དམ་པ་རྣམས་ལ་ཕྲག་དོག་གི་འཇུག་ས་མེད་པས་ངན་སྦྱོར་དབེན།དེ་ལས་ལྡོག་སྟེ་སྒེར་སེམས་ཆེ་ཞིང་སྤྱན་དཀྱུས་དོག་པ།ངར་འཛིན་ཆེ་ཡང་འཇོན་ཐང་དམན་པ་རྣམས་ཀྱིས་ཕྲག་དོག་གི་མྱོས་ཆུ་ཡིས་རང་སེམས་གསོ་ཞིང་རང་བདེ་འཚོལ་ཐབས་བགྱིས།དེ་ལ་མཁས་དབང་དགེ་ཆོས་ཀྱིས་མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་ལ།དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད་ཅེས་གསུངས་སོ།།
དེ་ཡང་རང་ཉིད་གཞན་ལས་རྒྱལ་འདོད་ན།ཐོག་མར་རང་ཉིད་ཕུན་སུམ་ཚོགས་པར་གཏོང་དགོས།མི་སུ་དང་སུ་ཡིན་རུང་འཇིག་རྟེན་ཆོས་བརྒྱད་ཀྱི་དོན་དུ་ལུས་ཀྱི་བྱ་སྤྱོད་ལུགས་དང་མཐུན་ཞིང་།ངག་གི་རྗོད་ལུགས་དོན་དང་ལྡན་པ།ཡིད་ཀྱི་འཆར་སྒོ་ཀུན་སློང་བཟང་པོ་བཅས་སྒོ་གསུམ་དཔེ་བཟང་ཅན་དུ་འགྱུར་བར་འབད་པས་བློ་སྦྱོང་བྱ་དགོས་པ་ལས་རང་ཉིད་ཆེ་འདོད་དང་གྲགས་འདོན་ཀྱི་ཆེད་དུ་གཞན་ལ་འཕྱ་དམོད་དང་ལྐོག་གཡོ།ངན་ཇུས་དང་གཡོ་ཁྲམ་གྱིས་རི་བོང་ཡང་ཤོར་ལ་སྡོམ་པ་དང་ཡང་འགལ་བའི་དཔེ་ལྟར་གྱོང་གུད་དེ་རང་གི་ཕྲག་ཐོག་ཏུ་འབབ་པ་ལས་ཐབས་མེད་དོ།།མཁས་པ་མཁས་པའི་ནང་ན་མཛེས།།བླུན་པོས་མཁས་པ་ཇི་ལྟར་གོ།ཞེས་པ་ནི་མཁས་བཙུན་བཟང་གསུམ་ལྡན་པ་རྣམས་ཀྱིས་ཕན་ཚུན་བརྩི་བཀུར་དང་རམ་འདེགས་བྱས་ཏེ་ཕྱར་བ་གྲུ་འདེགས་ཀྱིས་ལོག་ལམ་དུ་ཕྱིན་པའི་ཆུ་སྣ་གར་ཁྲིད་ཀྱི་བླུན་པོ་རྣམས་ལ་ཡང་དག་ཐར་བའི་ལམ་སྣ་སྟོན་དགོས་པའི་གདམས་ངག་ཡིན་མོད།གྲུབ་མཐའི་ཆགས་སྡང་དང་ས་ཁུལ་ཕྱོགས་རིས་ཀྱི་འདུ་ཤེས་ཉིན་ནས་ཟླ་དང་།ཟླ་ནས་ལོ་རེ་རེ་བཞིན་འཕེལ་ཞིང་དབལ་ཚ་བའི་རང་རིགས་སྟོད་སྨད་བར་གསུམ་གྱི་ཁོར་ཡུག་ཏུ་མཁས་པས་མཁས་པར་སྡང་།དཔོན་པོས་དཔོན་པོ་བསླུ།ཕྱུག་པོས་ཕྱུག་པོར་དགྲ།དབུལ་པོས་དབུལ་པོ་འབྲིད་པའི་བག་ཆགས་ནི་ཐོད་པ་རུལ་བ་སྣ་ཡིས་མི་ཚོར་བར་ད་དུང་གཟི་བརྗིད་དང་ལ་རྒྱར་སྒོམ་གིན་འདུག།     

ཕྲག་དོག་གི་མེ་ལྕེ།

ཕྲག་དོག་གིས་སེམས་རྒྱུད་ཟིན་པའི་མི་དེ་རིགས་ཀྱིས་གཞན་ལྡན་རྣམ་གཅོད་དང་གཞན་ལྟ་ཚར་གཅོད།རང་ལྟ་མཆོག་འཛིན་གྱིས་རང་དང་རང་གི་འཁོར་ཡན་ལག་ལས་གཞན་སུ་ཡང་ཁས་མི་ལེན་པས་གང་གིས་ལྟ་བ་གསར་པ་ཞིག་བཏོན་མ་ཐག་དཔྱད་གསུམ་རིགས་པས་གནས་ལུགས་ཡོད་མེད་མི་དཔྱད་པར་ལམ་སང་བསྟན་དགྲ།གདོན་འདྲེ།བདུད་ཕྲུག་ཅེས་ནག་ཉེས་ཀྱི་ཞྭ་ནག་ཆེན་པོ་ཞིག་བསྐོན་པས་མ་ཚད་མདུན་དུ་དོང་བརྐོས།ཚེར་མ་བཙུགས།རྒྱབ་ཏུ་ཐལ་བ་གཏོང་།གཏོར་མ་འཕེན།ཀི་སྒྲ་འདེབས།གལ་སྲིད་མི་དེ་དོང་ནང་ལྷུང་བའམ་གན་རྐྱལ་དུ་ལོག་ན་ངོ་ནི་འཛུམ་དམུལ་ལེར་ཞིག་དང་།ཁ་ནི་བགད་ལེ་ཞིག་གིས་ངོམ་སོ་བྱེད།
ཕྲག་དོག་གིས་མིག་རྩ་དམར་བའི་མི་རྣམས་ཀྱིས་ཁྱི་སྤྱང་ལག་སྦྲེལ་བྱས་ཏེ་གྱེན་དུ་འཛེགས་པའི་སྐྱེ་བོ་དམ་པའི་ཞབས་ཟུང་ལ་མི་མངོན་པའི་འཆིང་ཐག་
བཏགས་ཏེ་ཐུར་དུ་དྲུད་ཅིང་མཐོ་རུ་འཕགས་གྲབས་མཛད་པའི་རིགས་ཞེན་ཅན་ལ་ལྐོག་མདའ་འཕངས་ཏེ་དམའ་སར་ཕབ།དེར་བརྟེན།ཕྲག་དོག་གི་མེ་ལྕེ་དེ་སུ་ལའང་མི་མཁོ།གང་ལའང་མི་མཛེས།དེའི་གནོད་པ་བསམ་གྱིས་མི་ཁྱབ།ངན་འབྲས་བརྗོད་ཀྱིས་མི་ལང་།མེ་ལྕེ་དེ་མེད་པར་མ་བཏང་ན་ང་ཚོ་ལ་རེ་འབྲས་སྨིན་པའི་དུས་ཤིག་མེད་པས་མེ་སྟག་ཕུ་ཐུང་ནང་དུ་གསོད་པ་ལྟར་སྔར་བྱས་ལས་ནི་ཁོག་ཏུ་དུག་སོང་བ་ལྟར་འགྱོད་པ་འཇིགས་སྐྲག་ཆེན་པོས་གཤག་པར་བྱའོ།
མཛུ་གུ་ལྔ་ལ་རིང་ཐུང་ཡོད་ཀྱང་ཁྲག་རྩ་སྙིང་དང་སྦྲེལ་ཡོད་པས་མཁས་པ་རེ་ལ་ལུགས་རེ།དཔོན་པོ་རེ་ལ་སྲོལ་རེ་མ་ཆགས་པར་ཐུན་མོང་གི་སྤྱི་དོན་དུ་རིགས་རུས་མཆོག་དམན།འཇོན་ཐང་མཐོ་དམའ།ལོ་གྲངས་རྒན་གཞོན་གྱི་ཁྱད་པར་མ་ཕྱེས་ཏེ་གནས་ལུགས་བདེན་དོན་སུ་ལ་ཡོད་ན་དེ་ལ་གོང་བཀུར་དང་རྒྱབ་སྐྱོར་བྱེད།གཡོ་ཟོལ་གང་གིས་བྱས་ཀྱང་དེ་ལ་དགག་སྒྲུབ་དང་སུན་འབྱིན་མཛད་དེ་མི་སྨོན་རང་སྐྱིད་ཀྱི་ཁོར་ཡུག་ལྷོད་ཆགས་ཤིག་འཛུགས་སྐྲུན་བྱེད་ན།ཕྱི་རབས་པ་ཁྲི་ཁྲི་འབུམ་འབུམ་གསོ་སྐྱོང་བྱ་བར་ཕན་པ་ཆེན་པོ་ཡོད།དེ་ལས་ལྡོག་སྟེ་ཁྱི་འཛིང་རུས་འཁོན་ལྟར་གནད་དོན་ཆུང་ངུ་ཞིག་ལའང་ཁྱེད་ཀྱིས་རྔ་རྡུང་དུས་ཁོང་གིས་དྲིལ་བུ་བཀྲོལ་ཏེ་སླ་བ་དེ་དཀའ་བར་སྒྱུར།དཀའ་བ་དེ་རྙོག་འཛིང་ཅན་དུ་བཏང་བ་ནི་བདེན་དོན་གྱི་ཆེད་དུ་བགྲོ་གླེང་བྱས་པ་མ་ཡིན་ཏེ།རང་དོན་གྱི་ཆེད་དུ་རྩོད་གླེང་བྱེད་པ་ལགས།གནད་དོན་དེ་ལ་ང་ཚོའི་མཁས་མིང་འཛིན་པ་དང་རིགས་ཞེན་ཅན་དུ་རློམ་པ་རྣམས་ཀྱིས་ལོ་རྒྱུས་ལ་ཕྱིར་བལྟ་དང་རང་སེམས་ལ་ཕྱིར་རྟོགས་ཡང་ཡང་ཅིས་ཀྱང་བྱེད་དགོས་ཚོད་འདུགཁྱེད་ཚོ་ནི་ཕྱིས་འབྱུང་མི་རབས་ཀྱི་བསམ་བློའི་རྒྱབ་རྩ་དང་ལག་ལེན་གྱི་མིག་དཔེ་ཡིན་པར་བརྟེན་ཕན་ཚུན་བར་མིའི་རང་རྩིས་དང་བརྩི་ཐང་ལ་སུན་འབྱིན་དང་ཟུར་ཟ།དམའ་འབེབས་མི་བྱེད་པར་ཕྲག་དོག་དང་ཞེ་སྡང་ཐུ་ལུད་བཞིན་དུ་དོར་བར་རིགས།།
  • ལེ་ཚན་སྔོན་མ།:གྱེས་ཁའི་གཏམ།
  • ལེ་ཚན་རྗེས་མ།: བོད་ཀྱི་སྒྲ་སྙན་རྡུང་ལེན།