གཞིས་རྩེ། (སྒྲོལ་དཀར།) 2012-12-13
ངའི་ཕ་ཡུལ་མཛེས་པའི་བོད་ལྗོངས་ཁྱེད་ནི་རང་རིགས་ཀྱི་མེས་པོས་མ་འོངས་རིགས་རྒྱུད་རྣམས་ལ་གནང་བའི་ཕྱག་རྟགས་ཡིན་པས། བོད་པ་རྣམས་ཀྱིས་གཅེས་འཛིན་གནང་དང་། བརྗིད་ཉམས་ལྡན་པའི་པོ་ཏ་ལ་དང་བཞུར་རྒྱུན་རིང་བའི་ཡར་ཀླུང་གཙང་པོ། ཕ་མེས་ཀྱི་ལོ་རྒྱུས་ཡིག་ཆ། རིན་ཐང་བྲལ་བའི་གླེགས་བམ་སོགས་ནི་ངའི་མི་རིགས་ཀྱི་སྤོབས་པ་ཡིན་སྙམ། བྲལ་ཐབས་མེད་པའི་བརྩེ་སེམས་སྙིང་དབུས་ནས་ལྷང་ངེར་དྲན་དུས། ཁྱེད་ཀྱི་བརྗེད་པར་དཀའ་བའི་འཛུམ་མདངས་ངའི་ཀ་རྟེན་ལྟ་བུར་འགྱུར། མི་རིགས་ཀྱི་ལ་རྒྱ་ཉོ་ཐབས་མེད་ལ་མི་རིགས་ཀྱི་བརྩེ་སེམས་བསླུ་ཐབས་མེད་ཅིང་། ཉམས་པ་མེད་པའི་ཟུངས་ཁྲག་དེ་བས་ག་ལ་གཅོད་ཐུབ། དེར་བརྟེན་ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་བརྩེ། ཁྱེད་དང་ནམ་ཡང་བྲལ་མི་ཕོད།
ཀྱེ་ཕ་ཡུལ་ལགས། ཁྱེད་ནི་ངའི་རྣམ་ཤེས་དང་འབྲེལ་བའི་ལྟེ་གནས་ཡིན་ལ་ངའི་ཁྲག་རྒྱུན་བཞུར་བའི་ཞིང་ས་ཡང་ཡིན། རང་རིགས་ཀྱི་བུ་ཕྲུག་གསོ་བའི་རྟེན་ས་ཡིན་ལ། མི་རིགས་འཆམ་མཐུན་བྱུང་བའི་དཔང་རྟགས་ཡིན། དེ་བས་ཁྱེད་ནི་ངའི་སེམས་དབུས་ཀྱི་ཉི་མ། འཛམ་གླིང་རྩེ་མོའི་བང་མཛོད། སྐྱེ་འགྲོ་ཀུན་གྱིས་སྨོན་པའི་ཡུལ་མཆོག་ཡིན་པས་ཁྱེད་རྣམས་ཀྱིས་གཅེས་འཛིན་དང་རྒྱུན་འཛིན་གནང་བར་འོས་སོ། །
རེད་ཡ། ཁྱེད་ལ་འཛམ་གླིང་ཀུན་ལ་གྲགས་པའི་གནའ་ཤུལ་རིག་དངོས་དང་ངོ་མཚར་ཆེ་བའི་ཤེས་རིག་གི་བང་མཛོད་ཡོད་ལ། བརྒྱ་སྦྱིན་གྱི་བང་མཛོད་ལ་སྐྱེངས་པ་སྟེར་བའི་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་པ་ནི་ང་ཚོ་གངས་ཕྲུག་ཚོའི་སྤོབས་པ་ཡིན། ཁྱེད་རྣམས་ཀྱིས་གཟིགས་དང་རི་བོ་ཧི་མ་ལ་ཡས་ལྟ་བས་ཆོག་མི་ཤེས་པའི་མཛེས་སྡུག་གི་མེ་ཏོག་དགུང་ལ་བཏེགས་ཤིང་། ཆུ་བོ་ཡར་ཀླུང་གཙང་པོས་ཉིན་མཚན་ཀུན་ཏུ་ཁྱེད་ལ་དགའ་བསུའི་དར་དཀར་རིང་དུ་བརྐྱངས།
ཕ་ཡུལ་ལགས་གངས་ལྗོངས། ངའི་སེམས་གཏིང་གི་མ་མ། ཁྱེད་ནི་ང་ཚོའི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པས་ཇི་སྲིད་བསྐལ་བརྒྱའི་བར་ཁྱེད་ཀྱི་པང་ནས་བྲལ་འདོད་མེད་ལ། ཁྱེད་ཀྱིས་གསར་སྐྱེས་ཀྱི་ལྗང་བུ་རྣམས་ལ་དྲོ་འཇམ་ཉིན་བྱེད་ཀྱིས་བསྐྱངས་པའི་བཀའ་དྲིན་དག་དེ་བས་བརྗེད་ག་ལ་སྲིད། མདོར་ན། ངའི་ལང་ཚོ་དང་། ངའི་ཚེ་སྲོག ངའི་ཡོད་ཚད་ཀྱི་ཡོད་ཚད་གཅེས་པའི་ཕ་ཡུལ་ཁྱེད་ལ་འབུལ་འདོད་ཡོད་ལ། ཁྱེད་ཀྱི་སྟོབས་འབྱོར་མངའ་ཐང་སྔར་ལས་རྒྱས་ཕྱིར་ང་ཚོས་གཞོན་སྐྱེས་རྣམས་ཀྱིས་རང་ནུས་ཡོད་རྒུས་འབད་བརྩོན་བྱེད་ངེས་ཡིན།
ཕ་ཡུལ་གངས་ལྗོངས་ལགས། ངས་ནམ་ཡང་ཁྱེད་ཀྱི་བྱམས་སྐྱོང་དང་། ཁྱེད་ཀྱི་མཛེས་སྡུག ཁྱེད་ཀྱི་དཔལ་ཡོན་ལ་སྨོན། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10