ཀ་མ་ལ་སོགས་དབྱར་གྱི་མཛེས་རྒྱན་དག །
ཁ་དོག་རྣམ་པར་བཀྲ་ཞིང་ནོར་འཛིན་འགེངས། །
ག་བུར་ལྟ་བུའི་དྲི་ཞིམ་ཕྱོགས་སུ་ཁྱབ། །
ང་ལ་དགའ་སྤྲོའི་ཚོར་བ་ཅི་ཡང་སྟེར། །
ངའི་ཕ་ཡུལ་གྱི་དུས་ཚིགས་བཞིའི་ནང་དུ་ཆེས་ཕུན་སུམ་ཚོགས་པ་ནི་དབྱར་ཁའི་དུས་ཚིགས་དེ་ཡིན། དབྱར་གྱི་སྦྲང་ཆར་སིལ་མའི་ཟིལ་ཐིགས་དྲོ་འཇམ་ཉི་མའི་དཀྱིལ་འཁོར་དང་འགྲོགས་དེ་ནོར་འཛིན་གྱི་གསོས་སུ་སྨིན་ཤིང་ཟེར་མདངས་སྣ་ཚོགས་འཕྲོ་བའི་འཇའ་འོད་ཀྱིས་ལྷ་ལམ་ཀུན་ནས་བརྒྱན། ད་དུང་མེ་ཏོག་སྣ་ཚོགས་ཁྲ་ཆིམ་ཆིམ་དུ་བཞད་ཅིང་སྨན་སྤོས་ཀྱི་དྲི་བསུང་ཕྱོགས་དང་ཕྱོགས་སུ་འཐུལ། སྨུག་སྤྲིན་དཀར་པོས་ས་འཛིན་གྱི་ལ་ཐོད་བཅིངས་ཤིང་། ཁུ་བྱུག་གི་གསུང་སྙན་ལྗོན་ཤིང་གི་རྩེ་མོ་ནས་སྒྲོགས་པ་དང་། རྐང་དྲུག་གི་མགྲིན་གླུ་ཆུ་སྐྱེས་ཀྱི་འདབ་སྟེང་ནས་ལེན།
ཨེ་མ་མཛེས་སྡུག་གི་དབྱར་ཁ། ཁྱོད་ཀྱིས་ངའི་ཕ་ཡུལ་གྱི་འབྲོག་པ་ཚོའི་ཕྱུགས་རིགས་ཀྱི་ཤ་ཤེད་རྒྱས་ཤིང་འོ་ཞོའི་ཆུ་གཏེར་དང་མར་ཕྱུར་གྱི་བང་མཛོད་ཀྱི་སྒོ་འཕར་ཕྱེས། ཞིང་པ་ཚོར་འབྲུ་རིགས་ཀྱི་འཕེལ་ཁ་རྒྱས་ཤིང་ཤིང་ཏོག་གི་འབྲས་བུ་གཡུར་དུ་ཟ།
དབྱར་ཁའི་གནམ་གཤིས་དྲོ་འཇམ་ལྡན། །
དབྱར་ཁའི་ས་གཞིར་མཛེས་སྡུག་བཀྲ། །
དབྱར་ཁར་འགྲོ་རྣམས་སྤྲོ་ཞིང་སྐྱིད། །
དབྱར་ཁའི་དཔལ་ཡོན་ཨེ་མ་བསྟོད། །