བཟོད་སྒོམ་གྱི་ནུས་པ།

ཁྱི་གོ༼ ཀན་ལྷོ། ༽    ༢༠༠༧ལོའི་སྦྲང་ཆར་དེབ་དང་པོ་ལས་བདམས།    2012-12-10

བཟོད་སྒོམ་གྱི་ནུས་པ།

འདིར་བཤད་རྒྱུ་ནི་སྒོམ་ཆེན་བླ་མ་གཉིས་ཀྱི་མཛད་འཕྲིན་ལས་འཕྲོས་པའི་བཟོད་སྒོམ་གྱི་ནུས་པ་ཡིན་ཏེ། ཀུན་གྱིས་དེ་ལ་བསམ་བློ་རེ་བཏང་ན་ནང་གི་བསམ་བློ་དང་ཕྱིའི་ཀུན་སྤྱོད་ཚང་མའི་ཐད་ནས་རང་འཇུན་ནུས་པ་ཇེ་ཆེར་གཏོང་བར་ཕན་པ་ཆེན་པོ་ཡོད་སྲིད་དོ། །
ཉིན་ཞིག་གི་ས་སྲོད་ཀྱི་དུས་སུ་རི་རྐེད་ཀྱི་སྤྱིལ་བོར་བཞུགས་པའི་སྒོམ་ཆེན་པ་ཞིག་གུང་གསེང་དུ་ཕེབས་ནས་ཕྱིར་འཁོར་དུས་རྐུན་མ་ཞིག་སྒོམ་ཆེན་གྱི་སྤྱི་བོར་འཛུལ་ནས་ཡར་སློག་མར་སློག་བྱས་ཏེ་རྒྱུ་ནོམ་བཙལ་ཀྱང་ཅི་ཡང་མ་རྙེད། སྐབས་དེར་སྒོམ་ཆེན་པས་རྐུན་མ་དེ་སྐྲག་པར་དོགས་ནས་སྤྱིལ་བོའི་ནང་དུ་མ་ཕེབས་པར་སྒོ་ནས་རང་གི་ཕྱི་གོས་ན་བཟའ་ཕུད་དེ་རྐུན་མར་བསྒུགས་ནས་བཞུགས། རྐུན་མ་སྒོ་ཁར་བུད་དུས་སྒོམ་ཆེན་དང་གློ་བུར་དུ་ཕྲད་པས་ཧད་སོང་། སྐབས་དེར་སྒོམ་ཆེན་ན་རེ། ང་ཡི་གྲོགས་པོ་ལགས། ཁྱོད་ས་ཐག་རིང་མོ་ནས་དཀའ་ངལ་ལ་མ་འཛེམས་པར་རི་ངོས་འདིར་ང་ལ་བལྟ་རུ་ཡོང་བ་ན་འཐོབ་བྱ་ཅི་ཡང་མེད་པར་ལག་སྟོང་དུ་ཕྱིར་འགྲོ་བ་ག་ལ་རུང་། དོ་ནུབ་ཀྱི་མུན་པ་ཧ་ཅང་སྟུག་ལ་གྲང་ངར་ཡང་ཅུང་ཆེ་བས་ཕྱི་གོས་འདི་ཁྱེར་ཅིག་ཅེས་སྨྲ་བཞིན་ན་བཟའ་དེ་རྐུན་མར་བསྐོན། རྐུན་མ་ངོ་ཚ་ནས་མགོ་བོ་དུད་བཞིན་ནགས་གསེང་དུ་བྲོས། སྒོམ་ཆེན་གྱིས་རྐུན་མར་ནགས་གསེང་དུ་བྲོས་པའི་རྗེས་ལ་ལྟ་བཞིན། སྙིང་རེ་རྗེ། ངས་ཉམ་ཐག་དེར་དཀར་གསལ་གྱི་ཟླ་བ་ཞིག་བྱིན་ཏེ་རི་ངོས་ཀྱི་ལམ་ཞིག་སྟོན་ཐུབ་ན་ཅི་མ་རུང་ཞེས་ངག་ནས་ཚིག་དེ་ཤོར་ཏོ། །
  ཕྱི་ཉིན། སྐྱེ་འགྲོ་ཀུན་ལ་དྲོད་སྐྱིད་སྟེར་བའི་ཉི་གཞོན་གསར་པ་ཞིག་ཤར་བ་དང་མཉམ་དུ་སྒོམ་ཆེན་གྱིས་སྤྱན་ཕྱེ་བ་ན། ཁོང་གིས་རྐུན་མར་གནང་བའི་ཕྱི་གོས་ན་བཟའ་དེ་ལེགས་པར་བལྟབས་ནས་སྤྱི་བོའི་སྒོ་ཁར་བཞག་ཡོད་པ་མཐོང་བྱུང་། ཡང་སྒོམ་ཆེན་ན་རེ། ངས་ཁོ་ལ་ངོ་མར་དཀར་གསལ་གྱི་ཟླ་བ་ཞིག་སྤྱིན་ཐུབ་སོང་ཟེར། 
གཞན་ཡང་རི་ཁྲོད་ཅིག་ཏུ་ཀུ་རེ་རྩེ་མོ་བྱེད་པར་ཤིན་ཏུ་སྤྲོ་བའི་བན་ཆུང་ཞིག་ཡོད་པ་དེ་དགོན་པའི་ནང་དུ་སུན་སྣང་སྐྱེས་ཏེ་ཉིན་བཞིན་མཚན་མོའི་ཐུན་མཚམས་ཤིག་ལ་ལྟག་གྱང་གི་གྱང་རྩར་ཤིང་སྟེགས་རྐང་བཞི་མ་ཞིག་བཞག་ནས་གྱང་ཁར་བུད་དེ་ཕྱི་རོལ་དུ་རྩེ་མོ་རྩེ་རུ་བྲོས་ནས་འགྲོ་བཞིན་ཡོད་པ་རི་ཁྲོད་ཀྱི་བླ་མས་མཁྱེན། ཉིན་ཞིག་བླ་མས་སུ་ལའང་ཚོར་ཏུ་མ་བཅུག་པར་བན་ཆུང་སོང་རྗེས་སུ་ཤིང་སྟེགས་རྐང་བཞི་མ་བླངས་ཏེ་ཁོང་ཉིད་ཀྱིས་བསྒུགས་ནས་བཞུགས། བན་ཆུང་གིས་ལྕགས་རིའི་ཕྱི་རོལ་དུ་རྩེ་མོ་ཡིད་ཚིམས་པ་རྩེས་ནས་ཕྱིར་ཡོང་དུས་གྱང་རྩའི་ཤིང་སྟེགས་མི་འདུག་པ་མ་ཤེས་པས་སླར་ཡང་གྱང་སྟེང་ནས་མར་བབས་པ་ན་ཤིང་སྟེགས་དེ་སྙི་མོར་གྱུར་པ་ཚོར་པས། ཁོ་ཧ་ལས་ནས་ཞིབ་མོར་བལྟས་དུས། བླ་མའི་ཕྲག་པར་སྤོས་ཡོད་པ་མཐོང་། བན་ཆུང་སྐྲག་སྟེ་འཚབ་འཚུབ་ངང་ཅི་ཡང་བཤད་མ་ཕོད་པར་ཕྱག་འཚལ་པ་ན། བླ་མས་བན་ཆུང་གི་ལག་པ་ནས་འཐེན་བཞིན་མཚན་མོའི་གྲང་ངར་འདི་འདྲ་ཆེ་བར་ཡོད་དེ་མི་གྲང་ངམ། མྱུར་བར་གྲྭ་ཤག་ཏུ་སོང་ལ་ངག་གསོས་ཤིག་ཅེས་གསུངས།
  བན་ཆུང་ཤག་ནང་དུ་བསླེབས་རྗེས་ད་ནི་བླ་མས་སློབ་མ་ཀུན་གྱིས་མདུན་དུ་ཆད་པ་གཅད་ངེས་ཡིན་སྙམ་སྟེ། སེམས་ཁྲལ་བྱས་ནས་གཉིད་ཀྱང་མ་ཡོང་། ཡིན་ནའང་བྱ་བ་དེ་བྱུང་ནས་ཉིན་འགའ་ལོན་ཀྱང་བླ་མས་ད་དུང་ཅི་ཡང་མ་གསུངས། སློབ་མ་གཞན་རྣམས་ཀྱིས་ཀྱང་ཅི་ཡང་ཤེས་ཀྱིན་མེད། བན་ཆུང་འགྱོད་པ་སྐྱེས་ཤིང་དུས་དེ་ནས་བཟུང་རང་འདོད་ཀྱིས་མཚན་མོར་ཕྱི་ལ་བྲོས་ནས་རྩེ་མོར་གཡེང་བའི་མཚམས་བཞག་སྟེ་སེམས་བརྟན་པོའི་སྒོ་ནས་སློབ་གཉེར་ལ་འབད་བརྩོན་བྱས་མཐར་མིང་གྲགས་ཆེ་བའི་དགེ་བའི་བཤེས་གཉེན་ཆེན་པོ་ཞིག་ཏུ་གྱུར།
   བླ་མ་དེ་གཉིས་ཀྱི་མཛད་སྤྱོད་ལ་གཞིགས་ན་ཁྱོད་ཀྱི་ཇི་ལྟར་བྱའམ། བདག་གི་བསམ་ཚུལ་ནི། སྤྱིར་གཏམ་རྒྱུད་སྔ་མའི་ནང་དུ་རྐུན་མ་དང་འཐབ་འཛིང་དྲག་པོ་བྱས་ཏེ་རྐུན་མ་འདི་བཟུང་ཞིག་ཅེས་སྐད་ཅོར་རྒྱག་ངེས་ཡིན། རྗེས་མའི་ནང་དུ་སྤྱིར་སློབ་མ་ཀུན་གྱི་མདུན་དུ་མངོན་པར་བསྒྲགས་ཏེ་ཆད་པ་བཅད་མཐར་བན་ཆུང་ལ་བསམ་བློ་གཏོང་དུ་འཇུག་ངེས་ཡིན།
   དེ་ལྟར་བགྱིས་ན་ཕྱིས་འབྱུང་གི་འབྲས་བུ་ཅི་འདྲ་འདུག་གམ། ངས་བརྟགས་ན། སྔ་མའི་ནང་དུ་རྐུན་མས་སྒོམ་ཆེན་རྨས་པའམ་གསོད་པ་དང་ཡང་ན་སྒོམ་ཆེན་གྱིས་རྐུན་མ་རྨས་པར་འགྱུར། ཕྱིས་སུ་རྐུན་མས་ཀྱང་སྒོམ་ཆེན་ལ་འཁོན་ལན་སློག་སྲིད། ཕྱི་མ་དེའི་ཐད་ནས་བཤད་ན་བན་ཆུང་ལ་ཆད་པ་ཕོག་རྗེས་ཧ་ཅང་ངོ་ཚ་ནས་སློབ་གཉེར་བྱ་འདོད་མེད་དེ་སློབ་མའི་ནང་གི་ཐ་མལ་བ་ཞིག་ཏུ་འགྱུར་བའམ། ཡང་ན་རྡོག་ཁྲེས་ཁུར་ནས་དགེ་ལོག་བྱ་རུ་འགྲོ་དགོས་པར་འདུག་གོ། འོན་ཀྱང་སྒོམ་ཆེན་དང་བླ་མ་དེ་གཉིས་ཀྱི་མཛད་སྤྱོད་ནི་མི་ཕལ་བ་དང་མི་འདྲ་སྟེ། རང་གི་བཟོད་སྒོམ་དང་བྱམས་སེམས། ཐབས་མཁས་བཅས་ཀྱི་སྒོ་ནས་ཐ་ཤལ་བ་ཞིག་གི་སེམས་བཏུལ་ཏེ་དྲང་པོར་བསྐྱངས་པས་མཐར་མིང་གྲགས་ཆེ་བའི་བླ་མར་གྱུར།
   མི་ནི་སངས་རྒྱས་མ་ཡིན་པས་ནོར་འཁྲུལ་མི་ཡོང་བ་ག་ལ་སྲིད། འོན་ཀྱང་ནོར་འཁྲུལ་བྱུང་བའི་མི་ལ་བཟོད་པ་དང་སྙིང་རྗེ་དང་བྱམས་སེམས་སྒོམ་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། དེ་ནི་བླ་མ་མཆིས་པའི་སློབ་གསོ་བྱ་ཐབས་ཤིག་གོ།   བཟོད་སྒོམ་ནི་ཆེས་མཐོ་བའི་གཤིས་སྤྱོད་ཅིག་ཡིན་ཏེ། དེའི་ཕྱིར་བཟོད་སྒོམ་གྱི་ནུས་པ་དེ་གཞལ་དུ་མེད་དོ། །
  • ལེ་ཚན་སྔོན་མ།:རི་གསུམ་བར་ལ་བཞད་པའི་མེ་ཏོག་རྐང་གཅིག
  • ལེ་ཚན་རྗེས་མ།:ངའི་ཕ་ཡུལ་བོད་ལྗོངས།