རི་གསུམ་བར་ལ་བཞད་པའི་མེ་ཏོག་རྐང་གཅིག

བཀྲ་ཤིས་ཀྱིས།        2012-11-29

རི་གསུམ་བར་ལ་བཞད་པའི་མེ་ཏོག་རྐང་གཅིག

                                                                         ཁམས་པའི་བོད་ཡིག་དཔེ་ཚོང་ཁང་ལ་བྲིས།
       ས་ཆ་ཞིག་གི་མི་རྣམས་ཀྱི་སྤྱོད་ལམ་བཟང་ངན་ནི་ཆབ་ཁང་དང་སྲང་ལམ་གཙང་སྦྲ་ཡིན་མིན་ལས་ཤེས་ལ་མི་རྣམས་ཀྱི་ཤེས་རིག་ཡོན་ཏན་གྱི་ཆུ་ཚད་མཐོ་དམན་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་ས་དེ་གར་དཔེ་མཛོད་ཁང་ཡོད་མེད་དང་རག་ལས་ཞེས་པ་ལྟར་བསམ་གཞིག་གི་གོ་རྟོགས་སད་དེ་རྒྱུན་ཤེས་ལ་མཐོང་ཆེན་བྱེད་པར་ལོབས་པའི་མི་རིགས་ཤིག་ཡིན་ན་གཙང་སྦྲ་ལ་དང་དོད་བྱས་ལ་དཔེ་ཆ་ཀློག་པ་ལ་དེ་བས་དགའ་པོ་བྱེད།གཙང་སྦྲ་ལས་ཕྱི་ལུས་པོ་ལ་བདེ་ཐང་ཐོབ་ལ་དཔེ་ཀློག་ལས་ནང་སེམས་ལ་བདེ་སྐྱིད་ཐོབ་ངེས་རེད།ཡིན་ན་ཡང་།ཕྱི་ཡི་ཁོར་ཡུག་དང་ནང་གི་བག་ཆགས་སོགས་ཕྱི་ནང་གི་ཆ་རྐྱེན་གཉིས་ཀྱི་དབང་གིས་ང་ཚོ་ལ་གཙང་སྦྲ་ལ་དང་དོད་དང་དཔེ་ཆ་ཀློག་པའི་གོམས་གཤིས་ཆགས་མེད།མཁས་པའི་ཞལ་གདམས་ལ་རྒྱན་གྱི་མཆོག་ནི་ཐོས་པ་ཡིན་ཞེས་གྲགས་མོད་མང་ཤོས་ཀྱི་སེམས་རྒྱུད་དུ་རྒྱན་གྱི་མཆོག་ནི་གསེར་དངུལ་གྱིས་བཟུང་སྟེ་དངོས་པོའི་ལོངས་སྤྱོད་ཁོ་ནའི་དོན་དུ་བྲེལ་ཟིང་ལངས་པ་ལས་བསམ་པའི་ལོངས་སྤྱོད་ནི་ཁ་འདོན་དང་བཅས་པའི་ཆོ་གའི་སྲོལ་ཙམ་དུ་ལུས་འདུག དེ་ཡང་ང་ཚོ་གནས་བཅས་པའི་ཁམས་པ་ཞེས་པ་ནི་ཡུལ་སྲོལ་གོམས་གཤིས་ཀྱི་ངོ་མཚར་དང་རི་ཆུ་ཐང་གསུམ་གྱི་རང་བྱུང་མཛེས་སྡུག བདེན་དྲང་བློ་སྤོབས་ཀྱིས་བརྒྱན་པའི་ཕ་རྒྱུད་དང་ཞི་ལྷོད་བག་ཆགས་ལྡན་པའི་མ་རྒྱུད་བཅས་ཀྱིས་ཕྱི་ནང་གི་འགྲུལ་པ་རྣམས་ཀྱི་ཡིད་སེམས་བཀུག་སྟེ་ཚང་མ་གནས་འདིར་འདུས་ཡོང་པས་དེ་དག་ལ་མིག་གིས་བལྟ་རྒྱུ་ཁོ་ནས་མ་ཆོག་པར་སེམས་ཀྱིས་མྱོང་རྒྱུ་ཞིག་ཀྱང་དགོས་གལ་ཆེ།ཏག་ཏག་སྐབས་དེ་རུ་ཁམས་པའི་བོད་ཡིག་དཔེ་ཚོང་ཁང་ཞེས་དར་མདོའི་རི་གསུམ་བར་ལ་མེ་ཏོག་རྐང་གཅིག་བཞད་འགོ་ཚུགས།
    དེ་ནི་སྤྱི་ལོ1990ལོ་སྟེ།ང་ཚོ་རིགས་ཀྱི་བུ་དང་བུ་མོ་ཚོས་དར་མདོ་དགེ་འོས་སློབ་གྲྭར་ཕྱི་ནང་གི་རིག་གནས་ལ་སློབ་སྦྱོང་བྱེད་པའི་སྒང་ལ་ད་ལྟར་རྡོར་ལུགས་ཐང་གའི་སྲོལ་གཏོད་མཁན་པོ་ཞེས་སྙན་གྲགས་ཆེ་བའི་ཉན་ཤུལ་རྡོ་རྗེ་དོན་གྲུབ་དང་བོད་རིག་པ་བ་སྡེ་རོང་ཚེ་རིང་དོན་གྲུབ་བཅས་ཀྱིས་ཐོག་མར་གསར་དུ་བཙུགས་པ་ཡིན་ལ་སྐབས་དེའི་ཉིན་ཞིག་ལ་ཁོང་གིས་རྫ་དཔལ་སྤྲུལ་རིན་པོ་ཆེའི་ཁྭ་ཏ་རྒན་པོའི་འབེལ་གཏམ་སོགས་ཁྱེར་ཏེ་ང་ཚོ་བོད་ཡིག་འཛིན་གྲྭའི་དགེ་སློབ་དང་བཅས་པ་ལ་གནང་བ་མ་ཚད་དཔེ་ཚོང་ཁང་གི་གནས་ཚུལ་དང་སྦྲགས་ནས་སྙིང་གཏམ་ཡང་མང་པོ་གསུངས་ཏེ་ང་ཚོའི་སེམས་ཁོང་དུ་ཉར་བའི་མེ་སོན་ལ་མར་ཁུ་ཐེངས་གཅིག་བླུགས་པའི་ཚུལ་ནི་དུས་ད་ལྟའང་བརྗེད་རྒྱུ་མི་འདུག དེ་ནས་བཟུང་།ཁ་སྐོམ་བཞིན་ཡོད་པའི་ང་ཚོ་དཔེ་ཆ་བ་རྣམས་ནི་ཁམས་པའི་བོད་ཡིག་དཔེ་ཚོང་ཁང་གི་དུས་རྒྱུན་གྱི་མགྲོན་པོར་གྱུར་པས་དགེ་ཆོས་ཞེས་སྤྲང་པོའི་མི་ཚེ་བདེན་དོན་གྱིས་མཇུག་རྫོགས་པའི་སྨྱོན་པ་རང་ཚུགས་ཅན་ཞིག་ངོ་ཤེས་ལ་རང་གྲོལ་ཞེས་གསར་གཏོད་ཀྱི་དར་ཆ་མཐོན་པོར་བསྒྲེངས་པའི་འཆལ་པོ་བསམ་བློ་ཅན་ཞིག་ལའང་རྒྱུས་ལོན་པས་ཁོང་རྣམ་པའི་གསེར་ལས་དཀོན་པའི་རྣམ་དཔྱོད་སིམ་ཡོད་པའི་དཔེ་ཆ་རྣམས་ཀྱིས་ང་ཚོའི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་ལ་ཉིན་རེ་བཞིན་ལེགས་བཅོས་བྱས་པ་དང་།དེ་མིན་གནའ་དེང་གི་མཁས་པ་རྣམས་ཀྱི་བསམ་གཞིག་དང་སྦྱོར་བ་ལས་སྨིན་པའི་གསེར་ཞུན་གྱི་ཐིགས་པ་དང་འདྲ་བའི་ཡིག་འབྲུ་རེ་རེས་ལང་ཚོ་རྒྱས་ཏེ་རྩོམ་རིག་ཅེས་དགའ་སྐྱོའི་གླུ་དབྱངས་ལེན་ས་དང་རང་གཞན་གྱི་ངོ་གདོང་མཐོང་བྱེད་ཅིག་ཡོད་པ་ཤེས་རྗེས་འཚང་ཁ་ཤིག་ཤིག་གིས་རྩོམ་འབྲིའི་ལམ་ལ་ཞུགས་ཏེ་གང་ཞིག་ལ་ཅི་ཞིག་ལྷུག་ལྷུག་ཏུ་བརྗོད་པའི་ཚུལ་རྣམས་ད་ལྟར་ཁ་ཕྱི་འཁོར་ནས་བལྟས་ན་དགོད་ཤོར་བ་ཞིག་རེད་མོད།ཐོག་མ་བ་ཞིག་ལ་ཆ་བཞག་ན་ཧ་ཅང་དོན་སྙིང་ལྡན་ལ་ཟིན་ཐོར་འགོད་ཆོག་པ་ཞིག་རེད།དེ་ནི་འདུ་འཛིའི་ཁྲོད་དུ་སྡུག་གུར་བཞད་པའི་མེ་ཏོག་དེའི་དྲིན་ཡིན་པ་ང་ཚོས་ད་ལྟའང་དྲན་ཤེས་ཏེ་དུས་རྒྱུན་ལྷན་འཛོམས་བྱུང་སྐབས་དེའི་སྐོར་གྱི་ཁ་བརྡ་བྱེད་དུས་སེམས་སུ་དགའ་ལྷང་ལྷང་གི་ཚོར་བ་སྐྱེས།
    སྤྱིར་ང་ཚོའི་སྒེར་གཞུང་གཉིས་ཀ་ལ་ཕན་པའི་བྱ་བ་མང་པོ་ཞིག་ནི་བྱི་བའི་རྔ་མ་ལྟར་ཇེ་ཕྲ་ནས་ཇེ་ཕྲ་རུ་གྱུར་སྲིད་པས་མེ་ཏོག་རྐང་གཅིག་དེའི་རྩ་བ་ཚུགས་ཤིང་ཡལ་ག་རྒྱས་ལ་ལོ་མ་འཁྲིགས་ཏེ་ཟེའུ་འབྲུའི་དྲི་ཞིམ་གྱིས་ཕྱི་སྣོད་ཀྱི་མཁའ་དབུགས་དང་ནང་བཅུད་ཀྱི་ལུས་སེམས་གཙང་མ་ཡོང་བའི་ཆེད་དུ་སྤྱི་ལོ་1992ལོར་བོད་ཀྱི་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་རིགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་བའི་མཁས་དབང་དམ་པ་སྡེ་རོང་ཚེ་རིང་དོན་གྲུབ་གཅིག་པོས་བདག་གཉེར་མཛད་ལ་རི་བོང་བློ་ལྡན་གྱིས་གནས་ཚང་སྤོས་པ་ལྟར་ཐེངས་འགར་ཡར་སྤོས་མར་སྤོས་བྱས་རྗེས་ད་ལྟར་རྒྱ་ནག་ལྟག་སྒོའི་རྐང་ཐང་ཁྲོམ་ལམ་གྱི་ཕྱོགས་སུ་ཡོད་ལ་གྲོགས་སྐྱིད་རྒྱལ་གྱིས་ཚོང་གཉེར་བྱེད་བཞིན་ཡོད།རྒན་ཚེ་རིང་དོན་གྲུབ་ཀྱིས་ཁོང་གིས་དཀའ་བ་བརྒྱ་དང་འབད་པ་སྟོང་གིས་གེགས་རྐྱེན་སྣ་ཚོགས་སེལ་ཏེ་དཔེ་ཚོང་ཁང་དེ་ལ་བདག་པོ་བརྒྱབ་པ་ནི་སྒོར་མོའི་དོན་དུ་མ་ཡིན་ལ་གཙོ་བོ་དེའི་བྱེད་ལས་རྒྱུན་མ་ཆད་པར་མུ་མཐུད་དེ་བོད་ཀྱི་ཞིང་འབྲོག་མི་དམངས་དང་བླ་གྲྭ།དགེ་སློབ་རྣམས་ཀྱི་དཔེ་ཆའི་དགོས་མཁོ་སྐོང་བའི་ཆེད་དུ་ཡིན་ཞེས་གསུངས་མྱོང་ལ་དོན་དུའང་དེ་ལྟར་ལགས་ཏེ།མཚོ་སྔོན་དང་ཀན་སུའུ།པེ་ཅིན།སི་ཁྲོན།བོད་ལྗོངས་བཅས་མི་རིགས་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ནས་པར་དུ་བསྐྲུན་པའི་ཚིག་མཛོད་དང་གསུང་འབུམ།སྨན་རྩིས།སྐད་དང་ཡི་གེ།རྩོམ་རིག་སྒྱུ་རྩལ།ནང་བསྟན་ཆོས་གཞུང་།ལོ་རྒྱུས་དང་རྣམ་ཐར།ནང་བསྟན་རྒྱ་འགྱུར་མ།བོད་ཡིག་རྒྱ་འགྱུར་མ་སོགས་མཁས་པ་རྣམས་ཀྱིས་བརྩམས་པའི་ཀློག་རིན་ཡོད་པའི་དཔེ་ཆ་དང་།གངས་ལྗོངས་རིག་གནས་དང་ཀྲུང་གོའི་བོད་ལྗོངས།མང་ཚོགས་སྒྱུ་རྩལ།མི་རིགས།གངས་དཀར་རི་བོ།ཁམས་པའི་འཛུམ་རིས་སོགས་བོད་ཁུལ་གྱི་དུས་དེབ་སོ་སོ་དང་།དེ་མིན་ཐང་ག་སྣ་ཚོགས་དང་བོད་དང་འབྲེལ་བ་ཡོད་པའི་རྒྱ་ཡིག་གི་དཔེ་ཆ།ཞིང་འབྲོག་མི་དམངས་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཤེས་བྱ་ངོ་སྤྲོད་བྱེད་པའི་དཔེ་ཆ་བཅས་ལ་ཀློག་པ་པོ་རྣམས་ཀྱིས་བུང་བས་སྦྲང་རྩི་གཞིབ་པ་ལྟར་རང་རང་གི་དགོས་མཁོ་ལྟར་ལྟ་ཀློག་དང་བླུ་ཉོས་བྱས།ཚོང་གཉེར་པ་སྐྱིད་རྒྱལ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན་ཟླ་བ་རེ་ལ་སྒོར་ཁྲི་གཅིག་ལྷག་ཙམ་གྱི་དཔེ་ཆ་ཚོང་ལ་དེའི་ནང་ལས་སྐད་ཡིག་དང་ནང་བསྟན་ཆོས་འབྱུང་།ཚིག་མཛོད་བཅས་ནི་ཉོ་མཁན་ཆེས་མང་བའི་དཔེ་ཆ་རེད།ཚུལ་དེ་ལས་ང་ཚོས་ཀློག་པ་པོ་རྣམས་ཀྱི་དགའ་ཞེན་ཤེས་ཐུབ་ལ་མིག་སྔར་ཁམས་ཁུལ་གྱི་དཔེ་ཆ་བ་རྣམས་ཀྱི་ལྟ་ཀློག་གི་གོམས་གཤིས་ནི་ད་དུང་ཆ་ཚང་བ་ཞིག་མིན་ལ་ཞིང་འབྲོག་ནང་ལ་ཡིག་ངོ་ཆོད་པའི་ཀློག་པ་པོ་ཡང་ཧ་ཅང་ཉུང་བའི་གནས་ཚུལ་ཞིག་སེམས་ངོར་གསལ་པོར་ཤར་བས་ང་ཚོ་ཤེས་ཡོན་ཅན་དུ་རློམ་པ་རྣམས་ཀྱིས་རང་ངོས་ནས་གཤག་བཅོས་ཐེངས་ཤིག་དང་གནས་ལུགས་ཤིག་ཡང་ནས་བསྐྱར་དུ་ཡུལ་མི་རྣམས་ཀྱི་རྣ་བར་བསྒྲག་དགོས་པར་སྣང་།དུས་ནམ་ཞིག་གི་ཚེ་རང་རིགས་ལའང་མི་རིགས་གཞན་ལྟར་ཡུལ་དུས་གང་དུའང་དཔེ་ཆ་དང་ཚགས་པར་ཀློག་པའི་གོམས་གཤིས་ཆགས་སོང་ན་རི་བོང་ཅལ་འདྲོགས་དང་གཡམ་རྒྱུགས་བྱེད་མི་དགོས་པར་ཚུགས་ཐུབ་ཀྱི་ལྟ་བ་དང་གོ་ཆོད་ཀྱི་སྤྱོད་པ་ཡིས་བསམ་སྤྱོད་ཡར་རབས་སུ་བསྒྱུར་ཐག་ཆོད་རེད།
    མ་གཞིའི་སེམས་ངོ་དཀར་པོ་རུ་རྒྱུ་ནོར་གྱི་རི་མོ་ལས་ཅི་ཡང་མཐོང་རྒྱུ་མེད་པའི་ཁོར་ཡུག་ཏུ་མེ་ཏོག་རྐང་གཅིག་དེ་བདེ་བླག་ངང་འཚར་ལོངས་བྱུང་སྟེ་དྲི་ཞིམ་འཐུལ་བ་ནི་ལས་སླ་མོ་ཞིག་མིན་ཏེ།མདུན་གྱི་གླུ་གར་གྱི་ལྟེ་གནས་ལས་སྐབས་འགར་རྣ་བ་སུན་པའི་སྐད་འཛེར་པོ་ཞིག་ཆང་དྲི་དང་བཅས་ཏེ་འཕུར་ཡོང་ལ་གཡས་ཀྱི་ཆང་ཁང་ལས་ཅི་ཞིག་འཕྲོག་རྩོད་ཀྱི་འུར་སྒྲ་དཀར་གསལ་ཟླ་བའི་འོག་ཏུ་ཁྱབ་པས་གཡས་གཡོན་ནི་ཐོབ་ཐང་གི་རྩོད་ས་དང་གོང་འོག་ནི་མྱོས་བྱེད་ཀྱི་རྫ་མ་ཡིན་མོད་མེ་ཏོག་དེ་ལས་སུ་ཞིག་གིས་ཀྱང་ཚབ་བྱེད་མི་ཐུབ་ལ་གང་གིས་ཀྱང་འཕྲོག་ཏུ་མེད་པའི་དྲི་ཞིམ་ཞིག་ཐུལ་ལེར་ཁྱབ་འདུག དྲི་ཞིམ་དེ་ནི་རྒྱུ་འབྲས་ཀྱི་བློ་མིག་ལྡན་པའི་མི་རབས་གསར་པ་ལ་ཅི་འདྲའི་མཁོ་གལ་ཆེ་ཨང་།
    ངོ་མ།བསམ་བློའི་བཅུད་ཀྱིས་གཏམས་པའི་དཔེ་ཆ་རྣམས་ནི་འཛུམ་གྱིས་གྲོལ་ལ་མཉེས་གཤེན་ལྡན་པའི་བོད་པའི་བུ་མོ་མཛེས་མ་ཞིག་དང་འདྲ་བར་ཁེར་རྐྱང་གི་མཚན་མོ་གང་མང་ཞིག་ཕར་ལ་བསྐྱལ་ཞིང་བག་བྲོ་བའི་སྐྱ་རེངས་གང་མང་ཞིག་མདུན་དུ་བསུས་ཡོད་ཨང་།ཟླ་རེར་མེ་ཏོག་རྐང་གཅིག་དེ་ཐེངས་གཅིག་མ་མཇལ་ན་ཡིད་ནས་དུངས་ལ་སེམས་ཀྱིས་མ་བཟོད་པའི་དངོས་པོ་ཞིག་དེ་གར་ལྷག་པའམ་ཁ་ཆད་དོན་དུ་མ་འཁྱོལ་བར་འགྱོ ད་སྣང་སྐྱེས་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་པས་དཔེ་ཚོང་ཁང་དེ་ལས་དུས་རབས་ཀྱི་དགོངས་པ་མཚོན་ཞིང་སྤྱི་ཚོགས་ཀྱི་འཕར་རྩ་རྙེད་པའི་དཔེ་ཆ་《ང་ཚོ་སད་རན》དང《བདག་དཔེ་ཚོགས།》《བླ་དཔེ་ཚོགས།《བོད་རེ་བ་ཅན།》《རྒྱུན་ཤེས་དང་ལམ།》《དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་།》《སེར་མོ་བའི་རྒྱལ་ཁམས་འཇིག་པ》སོགས་དང་མཇལ་བའི་སྐལ་བ་ཐོབ་པས་གངས་རིའི་ཁྲོད་དུའང་དམངས་གཙོ་དང་བློ་འབྱེད།ཚན་རིག་གི་སྙིང་སྟོབས་ཀྱི་སྐྱ་མདའ་ཤར་བ་ཚོར་ལ་དཔའ་བོའི་རྒྱུད་པའི་དཔའ་རྟགས་ངོམ་མྱོང་ཡང་ལོ་རྒྱུས་ཀྱི་བྱེ་མའི་ཕུང་པོར་ཐིམ་པའི་མི་སྣའི་སྣང་བརྙན་སླར་ཡང་མིག་ལམ་དུ་བཞེངས་པས་སྨྲ་བ་བཅད་དེ་སྡོད་ཐབས་བྲལ་སོང་།།
    དཔེ་ཆ་བཀླགས་པ་ཡིས་མི་ཡི་ཚེ་བསྲིང་མི་ཐུབ་ནའང་མི་ཚེ་ལ་རིན་ཐང་ལྡན་པར་འགྱུར་ངེས་པས་ བརྩམས་སྒྲུང་མཁན་ཁ་ཧྥི་ཁ་ཡིས་ང་ཚོ་ལ་མཁོ་བའི་དཔེ་ཆ་ནི་ངེས་པར་དུ་སེམས་ནང་གི་འཁྱག་རོམ་དེ་སིལ་བུར་གསིལ་ཐུབ་པའི་སྟ་རེ་ལྟ་བུ་ཞིག་ཡིན་དགོས་ཞེས་པ་ལྟར་ཕྱིན་ཆད་ལ་དཔེ་ཚོང་ཁང་དེ་རུ་ང་ཚོའི་དོན་དངོས་དང་འབྲེལ་བ་ཆེ་ཞིང་ལུས་སེམས་གཉིས་ཀྱི་གནད་དོན་ཐག་གཅོད་ཐུབ་པའི་དཔེ་ཆ་རྣམས་གཅིག་ཐོག་གཉིས་བརྩེགས་སུ་ཡོང་རྒྱུ་ནི་རྟག་བརྟན་གྱི་སྨོན་འདུན་དང་རེ་སྒུག་ཡིན་ནོ།།
 

  • ལེ་ཚན་སྔོན་མ།:ཆིག་བརྒྱུད་མན་ངག་གི་ཡི་གེ་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ།།
  • ལེ་ཚན་རྗེས་མ།:བཟོད་སྒོམ་གྱི་ནུས་པ།