ཡོ་འབོག་གི་སྡོང་བོ།

པད་མ་རྡོ་རྗེ།        2012-07-26

ཡོ་འབོག་གི་སྡོང་བོ།
 

བྱིས་དུས་ཀྱི་འཚོ་བ་ནི་མི་སུ་ཞིག་ལ་མཚོན་ནའང་སྤྲོ་སྐྱིད་ཁོ་ནས་བརྟས་པའི་མཛེས་སྡུག་གི་ཕྱིར་དྲན་ཞིག་རེད་ཅེས་བརྗོད་དཀའ་ཡང་།མི་ཚེའི་བགྲོད་ལམ་དང་འཚོ་བའི་ཉིན་སྲིབ་གང་རུང་ན་ཆུང་དུས་མི་སུ་ཡིན་ཀྱང་དགའ་སླ་ངུ་སྐྱེན་གྱི་བྱིས་པའི་རང་གཤིས་བཅོས་མིན་ཞིག་ཡོད་པ་ནི་ཁོ་ཐག་རེད།ལྷག་པར་ང་ལ་མཚོན་ན་དེ་བཞིན་ཡིན་ཏེ།ནམ་རྒྱུན་སེམས་པ་སྙི་མོ་ལ་དོན་མེད་ཀྱི་ཉེས་རྡུང་ཕོག་ཚེ།མགོ་བོ་གཏིང་མཐའ་བྲལ་པའི་མུན་ཀློང་དུ་བསྲིངས་ནས།སྐྲག་སྣང་དང་ངལ་དུབ་ཀྱི་མིག་ཟུང་དུས་ཚོད་ཀྱི་གཙང་བོར་བརྒལ་ཏེ་འདས་སོང་གི་རི་སུལ་ལ་མྱུག་པ་ཡིན།སྐབས་དེ་དག་ལ་ངའི་སྣང་ངོར་ཐོག་མར་འཁོར་བ་ནི་ཁ་བྱང་ཕྱོགས་སུ་གཏད་པའི་ཤིང་སྒོ་རྙིང་བ་ཞིག་དང་དེའི་འགྲམ་ན་ཡོད་པའི་ཡོ་འབོག་གི་སྡོང་བོ་ཆེན་པོ་དེ་རེད།རྒྱུ་མཚན་ནི་ངའི་བྱིས་དུས་ཀྱི་ཆེས་དྭངས་གཙང་གི་དགོད་སྒྲ་དང་འཛུམ་མདངས་ཡོད་ཚད་ནི་དེ་རུ་འཁྱིལ་པས་ཡིན་ནོ།།
སྤྱིར་ང་ཚོའི་ཕ་ཡུལ་གྱི་གོམས་སྲོལ་དུ་རྒྱ་སྒོ་བྱང་ཕྱོགས་སུ་གཏོད་པ་ནི་ཕལ་ཆེར་མེད་མོད།ཡིན་ནའང་རྒྱུ་མཚན་ཅི་ཡིན་མི་ཤེས་ཏེ་ཆུང་དུས་ངའི་ཨ་ནེ་ཚང་གི་རྒྱ་སྒོ་ཏག་ཏག་ལ་བྱང་ཕྱོགས་སུ་གཏད་འདུག་ཅིང་།ང་ནི་རྒྱུ་རྐྱེན་གང་མང་གི་དབང་གིས་སྒོ་དེའི་ནང་རོལ་ནས་ནར་སོན་པ་ཡིན།དྲང་མོར་བཤད་ན་ངའི་བསམ་ཡུལ་དུ་རྒྱ་སྒོ་དེ་ལ་གཞན་ལས་ལྷག་པའི་ཁྱད་ཆོས་ཤིག་ལྡན་པ་གཏན་ནས་མི་དྲན་ཡང་།སེམས་གཏིང་ནས་ཁ་བྱང་ཕྱོགས་སུ་གཏད་པའི་ཤིང་སྒོ་རྙིང་བ་དེ་བརྗེད་དཀའ་ལ་ནམ་རྒྱུན་རྨི་ལམ་དུའང་ཡང་ཡང་འཁོར་འོང་།
ངའི་ཨ་ནེ་ནི་བོད་པའི་བུད་མེད་གཞན་དག་དང་མཚུངས་པར་བྱམས་སྙིང་རྗེ་ལྡན་ལ་ལག་ལས་ཀར་མཁས་པ་ཞིག་ཡིན།འོན་ཀྱང་མོའི་སྐྱེས་པ་སྟེ་ངའི་ཨ་ཞང་སྔ་མོ་ནས་མི་ཡུལ་དང་བྲལ་པས་མོ་ནི་བྱིས་པའི་ཨ་མ་དང་ཁྱིམ་གྱི་བཟའ་དཔོན་དུ་གྱུར།དེ་ནི་ང་འཇིག་རྟེན་མི་ཡུལ་དུ་མ་འོངས་པའི་སྔོན་གྱི་གཏམ་རྒྱུད་ཅིག་རེད།ཨ་ནེ་ཚང་ལ་ཨ་ཅེ་ཆུང་བ་དང་ཕུ་བོ།ད་དུང་ནུ་བོ་ཞིག་བཅས་ཡོད་ནའང་ཨ་ནེ་ཡིས་ང་ལ་ཧ་ཅང་གཅེས་པས།ངའི་དྲན་འཛིན་དུ་སྐབས་དེར་ང་ནི་ཕྱི་ལ་བསྐོར་ན་དཔུང་རོགས་བཙན་ཞིང་ནང་ལ་འཁོར་ན་རྒྱབ་རྩ་མཐུག་པ་ཞིག་ཏུ་འདུག་པས་རང་བཞིན་གྱིས་བྱིས་པ་པྲ་ཆལ་ཞིག་ཏུ་གྱུར་ཡོད།དེ་བས་ནམ་རྒྱུན་ཁྱིམ་བདག་གཞན་པ་ཚོ་འོ་བརྒྱལ་དུ་གཏོད་པ་ནི་གདོན་མི་ཟ།སྐབས་རེར་ཁྱིམ་བདག་ལ་ལས་ང་མཐོང་འཕྲལ་ཞེ་སྡང་གིས་ཁྱོད་སྡོད་ཀྱང་།ང་ནི་ཉ་མོ་ཆུ་ནང་དུ་རྒྱུ་བ་ལྟར་ཁོ་ཚོའི་སྤར་འོག་ནས་ཐར་ཏེ་ལོབ་ཕྱོགས་ལྟར་ཡོ་འབོག་སྡོང་བོར་བརྟེན་ནས་ཁང་ཐོག་ཏུ་བྲོས་པ་ཡིན་པས།ཁོ་ཚོ་ཐབས་ཟད་དེ་ང་ལ་རྫིག་གཏམ་འགའ་བཤད་རྗེས་མི་འགྲོ་ཐབས་མེད་ཡིན།དེ་འདྲའི་གནས་ཚལ་རྒྱུན་དུ་འབྱུང་བཞིན་ཡོད་ལ་ང་ལ་མཚོན་ན་དེ་ནི་སྤྲོ་སྣང་འཕེལ་བྱེད་ཅིག་ཏུ་བསམས་ནས་རྒྱུན་དུ་དེ་འདྲའི་པྲ་ཆལ་གྱི་སྦྱོར་བ་རྩོམ་བཞིན་ཡོད།དེ་ལྟར་ང་ནི་ཡོ་འབོག་གི་སྡོང་བོ་དེ་ལ་རིམ་བཞིན་ལོབས་ཤིང་བརྩེ་དུངས་འདྲ་བ་ཞིག་ཀྱང་ཆགས་པར་གྱུར།སྡོང་བོ་དེའི་གཞུང་རྐང་ནི་མི་དར་མ་གཉིས་ཀྱི་ཁྱུད་དོ་ཡིས་མི་འཁོར་ལ་དེ་དང་མཁར་གྱང་བར་དུ་བྱིས་པ་ཞིག་ཆུད་པ་ཙམ་གྱི་བར་ཐག་མ་གཏོགས་མེད་པས་རྐང་བ་ཡ་གཅིག་གྱང་ལ་གཏད་པ་དང་ཡ་གཅིག་སྡོང་བོ་ལ་གཏད་དེ་ཁང་ཐོག་ལ་འགོས་ན་ཅུང་སླ་མོ་རེད།ལྷག་པར་ཟླ་བཞི་པའི་ནང་དུ་ཡོ་འབོག་གི་མེ་ཏོག་ལ་ཚོན་མདོག་གི་བཀྲག་མདངས་མེད་ཀྱང་རོང་གྲོང་གི་མཛེས་སྡུག་ཉག་ཅིག་ཏུ་གྱུར་ཡོད།རྒན་རྒོན་འགའ་རེ་ཉིན་གུང་གི་སྐབས་སུ་ཡོ་འབོག་གི་གྲིབ་འོག་ཏུ་འདུས་ནས་བག་ཕེབས་ངང་ངལ་གསོ་དང་ཁ་བརྡ་རེ་བྱེད་ལ།བྱིས་པ་སྐོར་ཅིག་ཀྱང་དེ་གར་འདུས་ནས་ཡོ་འབོག་གི་མེ་ཏོག་ཟ་བ་དང་ཡལ་ག་ལ་འཇུས་ནས་ཤ་མ་ཤ་རྡང་རྩེ་བར་བྱེད།ད་དུང་ཕྱི་དྲོའི་དུས་སུ་ཁྱིམ་གྱི་ལས་ཀ་ཙག་ཙིག་ཡོད་ཚད་མཇུག་རྫོགས་པའི་བུད་མེད་རྣམས་ལ་མཚོན་ན་དེ་ནི་ཉིན་གཅིག་གི་ཆེས་སྐྱིད་པའི་དུས་དང་ཆེས་རང་དབང་གི་གནས་ཤིག་ཡིན་པ་འདྲ་སྟེ།མ་སྲུ་ཚོའང་ཡོ་འབོག་གི་སྡོང་རྩ་ནས་དགོང་ཁའི་ཉི་མར་འདེ་བཞིན་འཚོ་བའི་ངོས་ཟུར་གང་རུང་ལ་འབྲེལ་བ་ཡོད་པའི་གཏམ་གླེང་སྣ་ཚོགས་བྱེད་ལ།མཚམས་རེར་ཧབ་དགོད་བྱེད་བཞིན་ཁུ་ཚུར་གྱིས་ཕན་ཚུན་ལ་གཞུས་ཏེ་ན་ཟུག་གི་འཁུན་སྒྲ་ཤོར་ཀྱང་ད་དུང་ཕར་འགྲེ་ཚུར་འགྲེ་ཡིས་དགོད་དོ།སྐབས་དེར་ཆུ་ལེན་དུ་འགྲོ་བའི་བུ་མོ་དང་།ལས་ཀ་དང་དམིགས་ཡུལ་ཁྱད་པར་བ་མེད་པའི་གསར་བུ་ཚོ་ཡང་དེ་གར་འཛོམས་ཏེ།སྤྲོ་བ་དང་ལྷོད་གཡེང་ཁོ་ནས་ཉི་ནུབ་ཀྱི་རྒྱབ་གཟུགས་ཕར་ལ་སྐྱེལ་བར་བྱེད།
བྱིས་པ་ཚོ་རེ་རེ་བཞིན་རང་ཁྱིམ་ལ་ལོག་ཅིང་མུན་པའི་ཡོལ་བའང་ས་གཞིའི་ཁྱོན་ལ་ཁེབས།ཡོ་འབོག་གི་སྡོང་བོས་ད་གཟོད་རྒྱས་པའི་ཡལ་ག་བསྲིངས་ནས་ནམ་མཁའི་སྐར་མ་འགའ་རེར་བྱིལ་བྱིལ་བྱེད་ཅིང་།བྱིའུ་ཚོགས་ཀྱི་བརྩེ་བ་རུམ་ནས་རང་བྱུང་ཁམས་ཀྱི་ཚེ་སྲོག་གི་གོམ་སྒྲར་ཉན་བཞིན་ཡོད་ཨང་།ང་ཡང་བྱིའུ་ཕྲུག་ལྟར་སྐད་ཅོར་རྒྱག་བཞིན་ཡོད་རང་ཁྱིམ་ལ་ངོས་ཤིག་སྐྱ་ཤ་ལེར་ཡོད་པའང་དེའི་རྐྱེན་རེད་ཟེར།ལོག་པ་ཡིན།ཤ་དང་ཚད་མ་སོགས་ཀྱི་སྤོད་ཡ་མེད་ཀྱང་བྲོ་བ་དང་བཅུད་ཀྱིས་གཏམས་པའི་ཨ་ནེའི་ཐུག་པ་ཡི་རླངས་དྲི་ད་དུང་ཡང་ངའི་སྣ་ལམ་དུ་ཁྱབ་འོང་བའི་སྣང་བ་འཆར་ལ།མོས་གནའ་གཏམ་གང་མང་བཤད་པ་དག་ཀྱང་ངའི་ཐོས་འཛིན་དུ་བྲག་ཅ་བཞིན་འཁོར་གྱིན་འདུགམོས་བཤད་པ་ལྟར་ན།ཡོ་འབོག་གི་སྡོང་བོ་དེ་ནི་ངེད་ཚང་གི་ཡབ་མེས་ཤིག་གིས་བཙུགས་པ་ཡིན་ལ།སྔོན་ཆད་ཟས་དཀོན་བྱུང་དུས་མི་མང་བོ་ཤི་མྱོང་ཡང་ངེད་ཚང་གི་མི་གཅིག་ཀྱང་མ་ཤི་བར་བཤད།སྐབས་དེར་ཁོ་ཚོས་ཡོ་འབོག་གི་མེ་ཏོག་ཟོས་པ་དང་ཡོ་འབོག་གི་ཤུན་ལྤགས་ཀྱིས་ཉོག་གཡོས་པས།ད་ལྟ་ཡོ་འབོག་གི་སྡོང་བོའི་གཞོགས་གཏམ་རྒྱུད་དེས་ངའི་བྱིས་བློའི་བརྩེ་དུངས་ཀྱི་རླབས་ཕྲེང་ཐོག་མར་འཕྱོ་རུ་བཅུག་ལ་ངའི་ཡ་ཆུང་གི་སེམས་པ་ཡང་ཐོག་མར་བརླན་བྱུང་།སྒེའུ་ཁུང་གི་ཕྱི་རོལ་ན་སྐར་མ་མང་བོ་འཛུམ་གྱི་ལེར་ཡོད་ལ་ཡོ་འབོག་གི་སྡོང་བོའི་ཡལ་ག་དང་མེ་ཏོག་ཡོད་ཚད་དལ་ཅག་གེར་མཁར་གྱང་གི་ཕྱི་རོལ་ནས་ནང་ལ་འཁོར་འདུགངའི་སེམས་ལ་དགའ་བ་དང་བདེ་དྲོད་ཀྱིས་ཁྱབ་པས་མཚན་མོ་གང་མང་གི་གཉིད་ཀྱང་ཡེར་སོང་།ཡིན་ནའང་།ང་ལོ་བརྒྱད་པ་སོན་པའི་ལོ་དེར་ད་གཟོད་ཨ་ཕ་ཡང་ནས་ང་ཡུལ་ལ་བཙན་གྱིས་ཁྲིད་ཅིང་།ཅང་མ་འགོར་པར་ན་ཟླ་ཆ་མེད་སྐོར་ཅིག་དང་མཉམ་དུ་སློབ་གྲྭར་མངགས་པ་རེད།དེ་ནས་བཟུང་ངའི་སེམས་ལ་ཡལ་བ་མེད་པའི་རྨ་ཁ་ཞིག་བཏོད་སོང་།སློབ་གྲྭ་རུ་དགེ་རྒན་གྱིས་ནམ་རྒྱུན་བྱིས་པ་ཚོ་ཁང་བའི་ནང་དུ་བཅུག་སྟེ་ཀ་ཁ་བསླབས་ཤིང་།གལ་ཏེ་སློབ་མ་ཚོས་ཀ་ཁ་འབྲི་མ་ཤེས་ཚེ་དགེ་རྒན་གྱིས་བླུན་པོ་ཞེས་སྡིགས་མོ་བྱེད་བཞིན་དབྱུག་པས་ལག་མགོར་རྡེག་པར་བྱེད།ངའི་མགོར་དེ་འདྲ་མ་འོངས་མོད།སེམས་ཀྱི་སྡུག་བསྔལ་ནི་བརྗོད་ཐབས་བྲལ་པས།ང་ཉིན་ཞིག་གི་ཕྱི་དྲོར་སློབ་གྲྭ་ནས་བྲོས་ཏེ་ཨ་ནེ་ཚང་ལ་སོང་བ་ཡིན།ཡིད་སྐྱོ་བ་ཞིག་ལ་ང་སྐྲག་སྣང་དང་བཅས་ཏེ་ཨ་ནེ་ཚང་ལ་བསླེབས་དུས་ལྕགས་ཟྭ་ནག་པོ་ཞིག་གིས་ངའི་རེ་བ་ཡལ་དུ་བཅུག་བྱུང་།ང་ལ་ཐོག་མར་སྐྱོ་གདུང་གི་མིག་ཆུ་བཞུར་པ་ཡང་སྐབས་དེ་ཡིན་པ་འདྲ།ངས་སུ་ཞིག་གིས་མཐོང་བར་དོགས་ནས་མྱུར་དུ་ཡོ་འབོག་གི་སྡོང་མགོར་འགོས་ཏེ་ནང་ལ་འཛུལ་འདོད་མོད།ཁང་ཐོག་ལ་སྐས་བཙུགས་མེད་པས་ང་སྡོང་མགོ་ནས་བསྡད་པ་ཡིན།ཡོ་འབོག་གི་ཡལ་ག་རབ་ཏུ་རྒྱས་ཡོད་ལ་ལོ་མ་འཇམ་ཞིང་མཉེན་པོས་ང་ལ་བདེ་སྣང་ཕྲན་ཙམ་སྦྱིན་ཏེ།ཅང་མ་འགོར་པར་གཉིད་དུ་ཡུར་སོང་།གཉིད་ལས་སད་དུས་ཉི་མ་ནུབ་རིའི་ཕག་ཏུ་ཡལ་ཟིན་ལ་ཨ་ནེ་དང་ཁྱིམ་མི་གཞན་ཚོ་སྔ་མོ་ནས་ཕྱིར་བསླེབས་ཏེ་དགོང་འཚལ་འཐུང་བཞིན་འདུགཁོ་ཚོས་ང་མཐོང་མེད་པ་ཤེས་རྗེས་ངའི་སེམས་པ་རེ་ཞིག་སྟོང་ལྷང་ངེར་གྱུར།དེ་བས་མྱུར་དུ་ཀོ་ཀི་ཀོ་ཀི་ཞེས་ཁུ་བྱུག་གི་སྐད་ལ་ལད་མོ་བྱས་ཏེ་ལན་འགར་བསྒྲགས་པས།ཁོ་ཚོས་དེ་མ་ཐག་ཅི་ཞིག་རྟོགས་སོང་བ་ལྟར་ཨ་བོ་ཡིན་ནམ་ཟེར་བཞིན་འདུག།ང་དེ་འཕྲལ་སྡོང་མགོ་ནས་ཁང་ཐོག་ཏུ་བབས་པ་ན།ཨ་ནེས་ཨ་ལོ་ལོ་ཞེས་འབོད་ཞོར་དུ་སྐས་བཙུགས་ཏེ་ང་ཁྱིམ་ལ་ཡོང་དུ་བཅུག
དེ་ནས་བཟུང་ང་རྒྱུན་དུ་རང་ཁྱིམ་དང་སློབ་གྲྭ།ཨ་ནེ་ཚང་བཅས་ཀྱི་བར་ན་བྲེལ་བཞིན་ཡོད།དེ་དག་གི་བར་དུ་ཡོ་འབོག་གི་སྡོང་བོ་ནི་ཨ་ནེའི་བྱམས་བརྩེའི་ཀློང་ཡངས་བཞིན་ངའི་ཁེར་རྐྱང་གི་སེམས་པའི་ལྡོག་མལ་དུ་གྱུར་ལ།ངའི་གྲོགས་པོ་དང་སྙིང་ཉེ་མེད་དུ་མི་རུང་བ་ཞིག་ཏུའང་གྱུར།དེའི་རྒྱུ་མཙན་ཡང་གོང་དུ་བཤད་པ་ལྟར་ང་ལ་མིག་ཆུ་དང་སྐྱོ་གདུང་ཇེ་ཉུང་དུ་ཕྱིན་པས་རེད།སྐབས་དེ་དག་ཏུ་ང་ལ་གཞི་ནས་གྲོགས་པོ་མེད་པར་གྱུར་པས།ནམ་རྒྱུན་སེམས་པ་ཆུང་ཆུང་དེར་ཉེས་རྡུང་ཕོག་ཚེ་རང་ཉིད་གཅིག་པུ་ཨ་ནེ་ཚང་ལ་བྲོས་ཏེ་ཡོ་འབོག་གི་སྡོང་མགོ་ནས་མུན་རུམ་པའི་བར་དུ་བསྡད་པ་ཡིན།གཞུག་ནས་ང་རི་གྲོང་གི་སློབ་ཆུང་དེ་ནས་མཐར་ཕྱིན་ཏེ་ཡུལ་ཚོའི་གྲོང་རྡལ་གྱི་སློབ་འབྲིང་དུ་ཞུགས་པས།ཡོ་འབོག་གི་སྡོང་བོ་དང་ཤིང་སྒོ་རྙིང་བ་དེའི་ནང་རོལ་གྱི་དྲོད་ཁོལ་དང་རྒྱང་དུ་བཀྱེད་ཀྱང་།སྨྲ་བ་ཉུང་ཞིང་གྲོགས་པོ་ཉུང་བའི་ང་རྨི་ལམ་དང་སྟོང་བསམ་གང་རུང་གི་གཤོག་པར་བརྟེན་དེ་ཡོ་འབོག་གི་སྡོང་བོའི་སྟེང་ལ་བབས་པ་གྲངས་མེད་ལ།དེའི་རགས་རྩུབ་ཀྱི་ཡལ་ག་དང་འཇམ་མཉེན་གྱི་ལོ་མའི་བར་ནས་ངས་རང་བྱུང་ཁམས་ཀྱི་མཛེས་སྡུག་གང་མང་གི་བརྩེ་བའང་ཐོག་མར་རྙེད་བྱང་།ཡིན་ནའང་།ཉིན་ཞིག་ང་ལ་ཕ་ཡུལ་ནས་ཕུ་བོར་མཉའ་མ་བླངས་ནས་སྟོན་མོ་བྱ་རྒྱུ་ཡིན་པས།དགེ་རྒན་ལ་གནང་བ་ཞུས་རྗེས་ཡུལ་ལ་ཤོག་ཅེས་པའི་སྐད་ཅིག་ཐོན་འདུག སྐབས་དེར་ང་དགའ་སྤྲོས་མྱོས་ཏེ་ཕ་ཡུལ་དུ་ལོག་དུས་ང་ལ་ཡང་བསྐྱར་སུ་ཞིག་གིས་ཉེས་རྡུང་བཏང་བ་ལྟ་བུའི་ཚོར་བ་ཞིག་སྐྱེས་བྱུང་།མ་གཞིར་ཨ་ནེ་ཚང་གི་རྒྱ་སྒོ་རྙིང་བ་དེ་གར་སོང་ཆ་མེད་དུ་གྱུར་པས་ང་རེ་ཞིག་ཅི་བྱ་གཏོལ་དུ་ལུས།སྐབས་དེར་ཨ་ཅེ་ཆུང་བས་ང་མཐོང་སྟེ་དགོད་ཞོར་དུ་འེ།ཨ་བོ་འདིར་ཤོག་ཅེས་བོས་པ་ན།ངས་ད་གཟོད་རྒྱ་སྒོ་ལྷོ་ཕྱོགས་སུ་བསྒྱུར་འདུག་པ་རྟོགས།སྟོན་ཐོག་ཏུ་འོང་བའི་མི་རྣམས་རྒྱ་སྒོ་གསར་བ་དེའི་སྒོ་ཐེམ་ལས་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག་ལ།བྱིས་པ་མང་བོ་ཡང་བག་གསར་ལ་ལྟ་བར་བྲེལ་བཞིན་ཡོད།ཡིན་ནའང་ཕྱི་རོལ་གྱི་ཡོ་འབྲོག་གི་སྡོང་བོ་ནི་གོ་ཁར་ལྷུང་བའི་རྒན་མོ་ཞིག་དང་འདྲ་བར་ཟང་ཟིང་དང་སྤྲོ་སྣང་གིས་ཁེངས་པའི་གཞི་ཁྱིམ་དེའི་ཡོད་ཚད་ལ་ཁུ་སིམ་མེར་ཅེར་འདུག་ཀྱང་།ངའི་སྐྱོ་ཞིང་སྨྲེང་བའི་སེམས་པ་གསོ་མཁན་མེད་པ་ཇི་བཞིན་ཡོ་འབོག་གི་སྡོང་བོ་ལའང་དོ་སྣང་བྱེད་མཁན་སུ་ཞིག་ཡོད་ཨང་།
ང་དེ་ལྟར་མཐོ་འབྲིང་དུ་བསླེབས་དུས།རྒྱུན་དུ་སློབ་གཉེར་ལ་བྲེལ་ཁུལ་གྱིས་ཟླ་མཇུག་མ་གཏོགས་ཡུལ་ལ་འགྲོ་ཡི་མེད།ཡུལ་ལ་ལོག་ཐེངས་རེར་ཡུལ་མི་རྣམས་འཚོ་བ་དང་ཕྱུག་སྒྱུར་གྱི་ལས་ཀར་བྲེལ་ཏེ་ཡོ་འབོག་གི་སྡོང་རྩར་འདུས་ནས་ཡོང་མཁན་ནི་ཕ་མར་སྒུག་པའི་བྱིས་པ་སྣབས་ལུག་རེ་གཉིས་དང་ཕྱུགས་ཟོག་གི་སྔོན་ལ་འབུད་པའི་རྒན་རྒོན་རེ་གཉིས་ལས་མི་འདུག ཨ་ནེ་ཡང་འདུག་ལོང་མེད་པར་རྒྱུན་དུ་ལས་ཀ་སྣ་ཚོགས་ལ་བྲེལ་བཞིན་ཡོད།བདེ་སྐྱིད་ཀྱི་འཚོ་བ་ནི་ངལ་རྩོལ་གྱིས་བསྐྲུན་པ་རེད་ཅེས་པ་ངོ་མ་བདེན་འདུགདེ་ལས་ཀྱང་སློབ་འབྲིང་གི་མཇུག་མཐའི་ལོ་དེར་རྒྱལ་ཁབ་གྱིས་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་སྲིད་ཇུས་ལག་ཏུ་བསྟར་པས་སྡེ་བ་སོ་སོ་ན་ཁང་བ་གསར་དུ་ལས་པ་དང་གཞུང་ལམ་དང་སྲང་ལམ།ཐ་ན་གཞིས་ཁྱིམ་གྱི་ཕྱི་ནང་ཀུན་ལའང་ཨར་འདམ་འདིང་བའི་ཚ་རླབས་ཤིག་འཕྱུར་བཞིན་འདུག་རྡོ་ཟེགས་ཀྱི་ལམ་བུར་སུན་པའི་ང་ལ་ཡང་དགའ་སྤྲོ་ཆེན་པོ་ཐོབ།ཡུལ་མི་ཚོའི་གླེང་གཞི་ཡང་དེ་ཁོ་ན་རེད།ཡིན་ནའང་ཉིན་ཞིག་ང་ཨ་ནེ་ཚང་ལ་སོང་དུས།ཁོ་ཚོའི་གདོང་དུ་དགའ་མདོག་ཅི་ཡང་མི་འདུག་ལ་ང་ལ་ཡང་ཁ་ཡ་ཆེར་མ་བྱས།ངས་ཕུ་བོ་ལ་ཅི་ཞིག་བྱུང་བ་དྲིས་པར།ཁོས་ཨ་མས་ངའི་ཨ་ནེ་ཡོ་འབོག་གི་སྡོང་བོ་གཅད་དུ་མི་འཇུག་ཟེར།དེས་ང་ཡང་བསམ་གཞིག་གི་ཀློང་དུ་གྱར་ཀྱང་ཁ་ནས་དེ་མ་ཐག་དེ་གཅད་ག་ལ་རུང་ཞེས་ཤོར་ཅིང་ཁོ་ལ་གཅད་མི་རུང་བའི་ཞུ་བ་ཡང་བྱས་མོད།ཁོས་སྡོང་བོ་དེས་ཅི་ཞིག་གི་གོ་ཡང་མི་ཆོད་ལ་གཞིས་ས་ཡང་ཇེ་ཆེར་གཏང་དགོས་པས་ངེས་པར་གཅད་དགོས་ཟེར།ཨ་ནེས་མིག་ནས་མཆི་མ་འཐོར་ཞོར་དུ་ཕུ་བོ་ལ་སྒོ་སྡོང་གཅོད་མི་རུང་བའི་ཁ་ཏ་མང་བོ་བྱས་ཀྱང་།ཕུ་བོའི་དྲན་ཚུལ་ལ་གཡོ་འགུལ་ཅི་ཡང་མ་བྱུང་།དྲང་མོར་བཤད་ན་ཕུ་བོར་ཡང་ཁག་མི་འདུག་སྟེ།སུ་ཞིག་གིས་གླགས་བཟང་བོ་འདི་འཆོར་དུ་བཅུག་ན་འདོད་དམ།ཡིན་ནའང་འཛུགས་སྐྲུན་ནི་སྔར་ཡོད་ཀྱི་མཛེས་སྡུག་ལྡན་པའི་བྱ་དངོས་གང་རུང་རྩ་བ་ནས་གཏོར་དགོས་པ་ཞིག་ཡིན་ན།དེ་ནི་ཅི་ལྟ་བུའི་འཛུགས་སྐྲུན་ཞིག་རེད་དམ།སྐབས་དེར་ངས་བསྐྱར་ང་ཚོ་ཕ་མ་གཅིག་གི་སྤུན་མཆེད་ལྟར་ཡོ་འབོག་གི་སྡོང་མགོ་ནས་རྩེས་མྱོང་བའི་ལོ་ཟླ་དེ་དག་དྲན་འོང་ལ།སྡེ་མི་རྣམས་སྡོང་རྩར་འདུས་ནས་ནུབ་ཁའི་ཉི་མར་འདེ་བཞིན་ལྷོད་གཡེང་དང་སྤྲོ་སྐྱིད་ཀྱིས་ཉི་མ་ཕར་ལ་བསྐྱལ་པའི་རྣམ་པ་དེ་དག་ཀྱང་དྲན་འོང་།དེ་དག་གི་ཁྲོད་དུ་ངའི་ཨ་ནེ་ཡོད་ལ་ཨ་ཅེའང་ཡོད།ད་དུང་ངའི་ཕུ་བོ་དང་ཨ་མ་ཡང་ཡོད་པ་རེད།ཡིན་ནའང་ད་ལྟ་ཡོ་འབོག་གི་སྡོང་བོ་ནི་འཆི་བདག་གི་འབོད་བརྡ་ལ་སྒུག་པའི་ཁེར་རྐྱང་གི་རྒན་མོ་ཞིག་དང་མཚུངས་ལ།རགས་རྩུབ་ཀྱི་ཡལ་ག་རེ་རེའི་གཉེར་ཤུལ་ནི་ལོ་ཟླའི་དཀའ་སྡུག་གིས་བཏོད་པའི་རྨ་ཁ་རེ་རེ་དང་འདྲ།གཞིས་ཁྱིམ་འདི་དང་ཐ་ན་རི་གྲོང་འདའི་ཆགས་འཇིག་གི་ཟིན་ཐོ་རེ་རེ་ཡང་ཡོ་འབོག་གི་སྡོང་བོའི་སྟེང་ན་གསལ་ལེར་མངོན་ཡོད་པར་སྙམ།
འོན་ཀྱང་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན།སྡུག་བསྔལ་གྱིས་ཡར་སྐུལ་གྱི་ནུས་པའང་འཐོན་སྲིད་དེ།ལོ་དེར་ཕ་མའི་འཛུམ་མདངས་དང་རེ་སྨོན་གྱི་ཁྲོད་ནས་ང་ཕ་ཡུལ་དང་བྲལ་ཏེ་རྒྱང་རིང་གི་གྲོང་ཁྱེར་ཆེན་མོར་སློབ་གཉེར་དུ་སྐྱོད་ཐུབ་སོང་།ང་ལ་གྱི་སྲ་འཐས་ཀྱི་སྲང་ལམ་བརྒྱུད་ནས་ཆས་དུས།ཡུལ་མི་རྣམས་ནི་ལས་ཀར་བྲེལ་ཏེ་བཞིན་རས་ཀྱང་ཨར་འདམ་གྱི་སྲང་ལམ་ལྟར་སྲ་ཞིང་མདངས་ཀྱིས་དབེན་པར་གྱུར་འདུག་ལ།ཕན་ཚུན་ལམ་ནས་ཕྲད་ནའང་བརྩེ་དུངས་ཀྱིས་སྟོང་བའི་ངག་བརྡ་ཙམ་ལས་ཅི་ཡང་བཤད་རྒྱུ་མེད།ཡོ་འབོག་གི་སྡོང་བོ་ཡང་ལྗང་མདོག་གི་ལོ་མ་ཙམ་ཡང་ལྷག་མེད་པར་ཞོགས་པའི་བསིལ་རླུང་བཞིན་ཡལ་ཟིན།དགོད་སྒྲ་དང་བརྩེ་སེམས་གང་མང་གི་དྲན་པ་རུམ་ནས་ང་དང་འདྲ་བར་རི་གྲོང་དེ་ནས་རྒྱང་རིང་ལ་བཞུད།ངས་དུབ་པའི་སེམས་པ་འདི་ཡོ་འབོག་གི་རགས་རྩུབ་ཀྱི་ཡལ་ག་དང་འཇམ་མཉེན་གྱི་ལོ་མའི་བར་ལ་ཐེངས་ཤིག་འཇུག་འདོད་ཀྱང་།རང་བྱུང་གི་བརྩེ་བ་དང་སེམས་ཁོང་གི་འཛུམ་མདངས་ཡོད་ཚད་རྒྱང་རིང་གི་སྨིག་རྒྱུའི་གྲོང་དུ་ཡལ་ཤུལ་དུ།ཨར་འདམ་གྱི་སྲང་ལམ་སྐྱ་མོག་གེར་འདུག་པ་དེ་ཁོ་ན་ངའི་མིག་མདུན་ན་བསྲིངས་འདུག
འོ།ཡོ་འབོག་གི་སྡོང་བོ་དེས་ང་ལ་བྱིན་པའི་ལྗང་མདོག་གི་དྲན་པ་རེ་རེ་ནི་ནམ་ཡང་ངའི་སེམས་ཁོང་གི་བརྩེ་བ་དང་ཚེ་སྲོག་གི་འོད་མདངས་ཡིན་པས།ལོ་དེར་ངའི་རེ་བ་ལྟར་ཨ་ཕས་ཡོ་འབོག་གི་སྡོང་མྱུག་ཅིག་ཁྱེར་འོངས་ཏེ་ངེད་ཚང་གི་སྒོ་ཁར་བཙུགས་མོད།འོན་ཀྱང་སྡོང་ཕྲུག་དེ་ནམ་ཞིག་ལ་མི་དར་མ་གཉིས་ཀྱི་ལག་བརྡ་གིས་མི་ཁྱུད་པ་ཞིག་ཏུ་འགྱུར་ཐུབ་ཨང་།
རྩོམ་སྒྲིག་པ་དངོས་སྦྱོང་སློབ་མ་ལྷ་སྐྱིད།
སྦྲང་ཆར་ལས་བཏུས།
  • ལེ་ཚན་སྔོན་མ།:གནས་རྙིང་རྒྱང་འཇལ།
  • ལེ་ཚན་རྗེས་མ།:ང་ལ་གླུ་ཞིག་ལེན་དུ་ཆུག།