ང་ལ་གླུ་ཞིག་ལེན་དུ་ཆུག།

ལྡོང་ཡོན་ཏན་རྒྱ་མཚོ།        2012-08-07

ང་ལ་གླུ་ཞིག་ལེན་དུ་ཆུག།

 ང་ནི་ང་སྟེ་ཤཱཀྱའི་དགེ་སྦྱོང་ཞིག དེའི་ཕྱིར། གླུ་གར་དང་རྩེད་འཇོའི་འཇིག་རྟེན་གྱི་ཕ་རོལ་ནས་མིག་ཟུང་རྐང་རྩེའི་མེ་ཏོག་ལ་གཏད་དེ་འགྲོ་དགོས་པ་ཤིན་ཏུ་བདེན། འོན་ཀྱང་། ངའི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་སོ་གཉིས་པོ་སྒོམ་སྟོབས་ཀྱིས་མ་གྲོལ་ཡང་སྦྱངས་སྟོབས་ཀྱིས་ལྷོད་སོང་བའི་སྤྲོ་དགའ་བསམ་ན། སྐད་གསེང་མཐོན་པོས་གླུ་རེ་བླངས་ན་འདོད། ངའི་ཁོར་ཡུག་དང་ངའི་འཇིག་རྟེན་གྱི་ཚོགས། ང་ལ་གླུ་ཞིག་ལེན་དུ་ཆུགས།
  གནམ་ས་གའུ་ཁ་སྦྱོར་གྱི་གུར་ཁང་ཡངས་པོར་ཕྱེ་ཞིག བདག་གི་མགྲིན་པར་བཞི་ལྷག་དྲུག་ཅུའི་འགྱུར་ཁུག་མི་ཚང་རུང་། སྲིད་པ་ཆགས་པའི་གླུ། ལྷ་ཀླུ་མཆོད་པའི་མགུར། སྤྲེལ་སྲིན་མཐུན་པའི་གཞས། ཡོད་ཚད་མཚོ་ལྡན་མའི་རྒྱུད་དྲུག་པི་ཝང་གི་ལྡེམ་འཁྱུག་དང་འགྲོགས་ཏེ“ཞང་ཡ་རེ་ལོ”ཡི་ངག་རྩལ་ཞིག་ངོམ་ན་དགའ་བ་བརྒྱ་ལྡན་གྱི་ཡང་རྩེ་ཡིན།
   འདོ་རིག་རྟ་བོའི་འཚེར་སྐད། ཐུལ་སྐར་འབྲི་མོའི་ངུར་དབྱངས། འཚེར་མོ་ལུག་གི་འབའ་སྒྲ། མཐོ་སྒང་གི་དབྱངས་རྟ་བརྒྱ་ཕྲག་མཉམ་དུ་བསྡེབས་ཏེ། མགོ་ནག་བོད་པ་ཚང་གི་སླད་མ་འདྲེས་པའི་འཚོ་བ་དྭངས་མོ་ལྷང་ལྷང་གླུ་རུ་བླངས་ན་ཇི་འདྲའི་སྙན། གླུ་ཞིག་ལེན་དུ་ཆུགས་དང་། ང“གླུ་གར་རྒྱ་མཚོའི་ཕ་ས”ནས་འཚར་ལོངས་བྱུང་བའི་ཁུ་བྱུག་སྔོན་མོ་ཡིན་ལགས།
   ས་སྒང་རིལ་མོ་ཆུང་ནས་ཆུང་དུ་འགྲོ་བའི་དུས་རབས་གསར་བའི་ཉམས་སྣང་ཁྲོད། དམིགས་བྱ་ཞིག་གི་ཆེད་དུ་སུས་ཀྱང་འཐོབ་འོས་པ་མང་པོ་སྐྲ་ལོ་བཞིན་ལྟག་རྒྱབ་ཏུ་འཕངས་ཏེ་གཅིག་ལས་གཅིག་མགྱོ གས་ཀྱི་འགྲན་རྩོད་ལ་ཚེ་སྲོག་ཕྲ་མོའི་མཆོད་པ་པའང་འབུལ་ཕོད་པ་ལྟར། ངས་ཀྱང་རང་་ལ་དབང་ངེས་པའི་གཏེར་མཛོད་དུ་མ་སྣང་མེད་དུ་བསྐྱུར་ཏེ། ཁ་ལྕེ་གཉེན་མོ་སྐམ་རག་བར་དུ་། མགྲིན་པ་ཡངས་མོ་འགག་རག་བར་དུ། ཨ་ཡིག་སྲོག་ཏུ་འཕོས་པའི་རྫི་གླུ་འདིའི་རྒྱབ་ལྗོངས་བཙལ་ནས་ཪྙེད་བྱུང་། མ་གཞི་ནས་སེམས་པ་ཡོད་ཚད་ཁ་དོག་མི་གཅིག་པའི་རླུང་སྐད་རེ་རེ་ཡིན་ངེས་པས། བྱ་རྒྱལ་ཁྱུང་གི་འཕུར་སྟངས་ལའང་ཆར་སྡོད་བྱེའུ་ཡན་ཆོད་ཀྱིད་གླེང་བརྗོད་མི་འདྲ་བ་རེ་ཡོད་སྲིད་མོད། ངས་ཁྲོམ་པའི་འདུ་སྒོ་གླུ་ཡིས་ཕྱེ་ཉིན་ནས། སྤྱི་གཙུག་བདེ་ཆེན་འཁོར་ལོ་ཀུན་བཟོད་སྒེག་མོའི་རྒྱན་དུ་འགོད་དགོས་བྱུང་། ཞུམ་པ་དང་ནོངས་འགྱོ ད་ཀྱི་མིག་ཆུ་སྔ་མོ་ནས་བསྐམས་ཟིན།
    ང་ལ་གླུ་ཞིག་ལེན་དུ་ཆུག། གནའ་བོའི་ཅོང་སྒྲ་དང་དུང་སྒྲས་ངའི་གླུ་སྒོ་མ་འགོག གསར་དར་རོལ་མོ་དང་གླུ་རྟ་ཐན་ཐུན་གྱིས་ངའི་གླུ་གདངས་མ་བསླད། ང་ལ་ང་ཡི་གླུ་སྐད་དང་གླུ་ཚིགས་ཡོད་དགོས་ལ་ཡོད་ཀྱང་སྲིད། 
   ངས་ལུང་རྟོགས་ཆོས་སྒྲ་སྙན་མོའི་རོ་བཅུད་མྱོང་བཞིན་ལི་ཁྲིའི་ཆུ་གཏེར་གྱི་འཇིངས་སུ་རྩེན་ཡུན་རིང་བས། ང་ཨ་ཅེ་མཚོ་ལྡན་ནས་སྒེག་འཛུམ་གྱིས་བསླུས་ཏེ་ལྷོ་ཕྱོགས་རྒྱ་མཚོའི་སྒྲ་དབྱངས་ཀྱི་འགྱུར་ཁུགས་བཙལ་སྟངས་མཚར་བས། དཔའ་བ་རྡོ་རྗེའི་དགྱེ་གླུ། ཤེས་རབ་ཡེ་ཤེས་ཀྱི་དབང་གླུ། ཟག་མེད་ལོངས་སྤྱོད་ཀྱི་ཚོགས་གླུ། མི་ལ་བཞད་པའི་རྡོ་རྗེ་དང་དཔལ་ཚོགས་དྲུག་རང་གྲོལ་གྱི་ཉམས་གླུ། བསྟོད་པའི་གླུ། བསྐུལ་བའི་གླུ། ཨ་ལ་ལ། ལ་ལ་ཧོ། དབེན་པའི་ལྷིང་འཇགས་དཀྲོགས་པའི“གླུ་བ་སྟོང་རྒྱལ་འབུམ་ཐུབ་”དེ་སུ་ཞིག་རེད་འདུག
   ངུར་མིག་གསར་བའི་འཇིག་རྟེན་འདི་ནས་མ་མཐའ་ཡང་དམངས་གླུ་མགོ་སྔ་ཚང་མོ་རེའང་ལེན་མ་ཐུབ་ན། བཞུད་ཟིན་པའི་མེས་པོ་དག་གི་ལང་ཚོའི་ཞབས་རྗེས་ཇི་ལྟར་འཚོལ། གཅེས་སྲོག་གི་མཆོད་པ་སྙིམ་རྩེར་བཏེགས་པའི་ཁ་ཕོ་མཐོན་པོ་རེ་སྒྲོག་གིན་ཡོད་པ་མིན་ནམ། ངས་བསམ་གྱིན་བསམ་གྱིན་གླུ་རེ་བླངས་ན་འདོད། མགྲིན་པ་གཟེངས་སུ་བཏེགས་ཏེ་བླངས་ན་འདོད། ཞེན་ཆགས་ཀྱིས་བླངས་ན་འདོད། སྡང་སེམས་ཀྱིས་བླངས་ན་འདོད། གླུ་སྐད་ནམ་མཁའི་མཐའ་རུ་ཁྱབ་ཅིང་རྒྱ་མཚོའི་གཏིང་དུ་སིམ་རྗེས་ཀྱང་ཤུགས་དྲག་གིས་ལེན་ངེས།
  ཁྱེད་ཚོས་གསོན་དང་ངས་གླུ་ཞིག་ལེན། གླུ་ཚིག་འདི་རྒས་སླ་བའི་གླུ་བ་ཞིག་ལས་བརྐུས་པ་མིན། གླུ་སྐད་འདི་རང་ཚུགས་མེད་པའི་གླུ་བ་འཁྱམ་པོ་ཞིག་ལ་གཡར་བའང་མིན། ཐོག་མཐའ་མི་རྙེད་པའི་འཁོར་བའི་ཀློང་ནས་ཚིག་བསྒྲིགས་ཤིང་སྨྲ་བསམ་བརྗོད་འདས་ཀྱི་ཞིང་ཁམས་ནས་གདངས་བརྩམས་པའི་གླུ་གཞས་སྙན་མོ། ཆུ་བཞི་སྒང་དྲུག་གི་ནམ་མཁར་ལྷང་ལྷང་གྲགས་དུས། དགའ་བའི་ཐལ་མོ་རྡོབས་དང་རང་ཉིད་ཀྱང་དབྱངས་ལྡན་མའི་གླུ་བ་བློར་འབབ་ཅིག་ཏུ་མི་འགྱུར་བའི་ངེས་པ་མེད།
ངའི་གླུ་ལ་ངོ་མཚར་བའི་གཏམ་རྒྱུད་ཤིན་ཏུ་མང་། ཟས་སུ་སིལ་ཏོག་བརྟེན་ཅིང་གོས་སུ་ཤིང་ལོ་གྱོ ན་པའི་གདོད་མའི་དུས་ཤིག་ལ། བློ་རྩལ་དམའ་བའི་སྤྲ་མི་ཚོས་རང་བྱུང་ཁོར་ཡུག་ལས་རྙེད་པའི་ཞེད་སྣང་མང་པོའི་ཡིད་འགྱུར་གནོན་མ་ཚུགས་པར། མིང་ཚིག་གི་རང་སྐྱ་མི་ཐུབ་པའི་དབྱངས་འགྲོས་རྐྱང་རྐྱང་ཞིག་གི་ས་བོན་བཏབ་པ་སྙན་མོ་གླུ་འདིའི་མགོ་ཁུངས་ཡིན། བློན་ཆེན་གཉལ་བ་སྣང་གྲགས་ལ་བློ་རིག་གསལ་བའི་སྐུ་སྲས་དེ་འཁྲུངས་རྗེས་གངས་རིའི་གླུ་ཡིས་རླུང་རྟ་ཡར་འཕུར་ཞིག་གི་གཤོག་སྣེ་ཟིན་ཏེ། དབྱངས་གསལ་སོ་བཞི་གླུ་རུ་བླངས་པས་རང་སྐྱ་མི་ཐུབ་པའི་དབྱངས་འགྲོས་དེ་ལའང་བློས་མི་དཔོག་པའི་རང་དབང་ཐོབ། སྐབས་ཤིག་ལ་སྟོད་རྒྱ་གར་ནས་ཐོན་པའི་ཆུ་ཤེལ་དྭངས་མོའི་མེ་ལོང་ཞིག་གི་མཛད་འཕྲིན་དཔལ་ས་སྐྱའི་ཡུལ་ནས་ཆུ་གཏེར་བརྡོལ་བ་བཞིན་འཕྱུར་ཏེ་གླུ་ལ་གླུ་ཡི་གཞུང་ལུགས་ཆགས། བགྲང་བྱ་དུ་མའི་རྗེས་ཤིག་ལ《མི་འཇིགས་སེང་གེའི་ང་རོ》གླུ་སྒྲ་ཐོག་མ་བོད་རང་ས་ནས་རླུང་ལ་བསྐུར་བས་གླུ་བ་གླུ་མས་སཱ་ལའི་སྨན་ལྗོངས་འདི་ཡང་དོག་པོར་བསྒྲུབས་མྱོང་ཟེར། གཏམ་རྒྱུད་འདི་ལྟར་རིང་བས་ང་ནམ་ཡང་གླུ་བ་གཙང་མ་ཡིན།
   སྒྱུ་རྩལ་གྱི་སྟངས་སྟབས་རེ་རེར་མི་སེམས་སྒུལ་ཤེས་པའི་གསང་བ་ཡོད་ན། གླུ་ལའང་གླུ་ཡི་སྒྱུ་རྩལ་ཡོད་ངེས་ཏེ། ངོ་མཚར་ཚིག་གི་མཚོན་ཐབས་གསལ་བ། སྤྱི་ཚོགས་འཚོ་བའི་སྣང་བརྙན་མངོན་པ། ཚིག་གི་སྡེབ་སྦྱོར་ལ་དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་རྫོགས་པ། དབྱངས་འགྲོས་དང་སེམས་ཁམས་ཀྱི་འདེགས་འཇོག་མཉམ་པ་སོགས་སོ། ། ང་ལ་གླུ་ཞིག་ལེན་དུ་ཆུགས་དང་། སྒྱུ་རྩལ་གྱི་གསང་བ་རེ་རེ་མཐོ་རུ་འདེགས་ན་འདོད། །
  • ལེ་ཚན་སྔོན་མ།:ཡོ་འབོག་གི་སྡོང་བོ།
  • ལེ་ཚན་རྗེས་མ།:ན་གཞོན་སློབ་མའི་ཕུགས་བསམ་སྐོར་གྱི་གླེང་མོལ།