གནས་རྙིང་རྒྱང་འཇལ།

སྨྲེང་བུ།        2012-07-25

གནས་རྙིང་རྒྱང་འཇལ།

སྡུག་ན་སྐད་ངན་མི་འདོན་ཞིང་སྐྱིད་ན་སྐྱོ་ཤས་ཆེ་བ།《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲེན་མེ་ལས་བཏུས།》
 ཞོགས་པའི་ཉི་ཟེར་སེར་ལམ་མེར་གཙང་བོའི་ལྷོ་ཡི་ཁ་བ་ཆགས་པའི་རི་རྩེར་འཕྲོས་པ་དང་མཉམ་དུ།ང་གཙང་ཆུ་བྱང་ངོས་ཀྱི་རྔ་ཆེན་ལ་བརྒྱུད་ནས་བྲག་ཡེར་པར་བསྐྱོད་པའི་རླངས་འཁོར་ནང་བསྡད་ཡོད།ཡེར་པ་གྲོང་ཚོའི་མདའ་ལ་བསླེབས་པ་ན།ལུང་བའི་ཕུ་ན་བྲག་ཕུག་ལིང་ངེ་བ་ཞིག་མཐོང་ལ།དེའི་ལྡེབས་སུ་དར་ལྕོག་བར་མེད་དུ་གཡོ་བཞིན་འདུག
བྲག་ཡེར་པ་གླེངས་མ་ཐགམི་རྣམས་ཀྱི་བློ་ངོར་དཔའ་བོ་ཞིག་གི་སྣང་བརྙན་འཁོར་འོང་སྟེ།“རྟ་དཀར་པོ་ལ་སོལ་བ་བྱུགས།གོས་ཕྱི་ནག་ནང་དཀར་གྱོན།ལྷ་སར་འོངས་པ་དང་།བཙན་པོས་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་སུ་འགྲིག་པས།ཕྱག་བྱེད་པ་ལྟར་བྱས་ཏེ་མཐེབ་ལྟོང་སྦྱར།བདེན་པ་བདར་ཏེ་བརྒྱབ་པས་ཁོའི་བྲང་ལ་ཕོགདེ་མ་ཐག་བྲོས་ཏེ་གྲིབ་ཀྱི་མ་གདོང་གི་ཆུ་ལ་བཤན་པས་སོལ་བ་དག་སྟེ་རྟ་དཀར་པོར་སོང་།གོས་ཕྱི་ནང་བསྒྱུར་ཞེས་ལག་པ་གཉིས་ཀྱིས་མདའ་ལ་འཇུས་ཤིང་།ཡང་ན་ལོ་གསུམ་གྱིས་བསོད་པ་སྔས།ཡང་ན་ལོ་གསུམ་གྱིསའཕྱིས་ཞེས་སྨྲ་བའི་མུ་ལ་ལྔ་བའི་ལམ་དུ་གྱུར”པའི་བཙན་པོ་ལྷ་སྲས་དར་མ་འགྲོང་མཁན་གྱི་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཉམས་འགྱུར་དེ།རྒྱལ་དབང་ལྔ་པ་ཆེན་མོས་གསར་བཞེངས་གནང་བ་ལྟར།ལོ་རྒྱུས་ཀྱི་བྲག་ཅའི་ཀློང་ནས་མི་རྣམས་ཀྱིས་ད་དུང་དཔའ་བོ་དེ་དང་དེའི་མདའ་མོའི་གསིར་སྒྲ་བརྗེད་མེད།ངོ་མ་མི་རྣམས་ལ་ཁག་ཅི་ཡོད།འོ་སྐོལ་ཚོར་ཆོས་སྲིད་གཉིས་ཀ་བདག་གིར་བཞེས་པའི་མཁས་ཆེན་གྱི་གསུང་ཉིད་ཚད་མར་མི་འཛིན་པའི་སྐྱེས་བུ་ག་ཚོད་ཡོད།ཡིན་ནའང་།ང་ཚོས་ལོ་རྒྱུས་ཀྱི་མེ་རོའི་གསེབ་ཏུ་ལག་པ་བརྐྱངས་ནས་དོན་དངོས་ཀྱི་དྲོད་ཐིག་ལ་རེག་སྐབས།ལོ་རྒྱུས་ལ་བསྐྱར་དུ་ངོས་འཛིན་དང་བསྐྱར་དུ་གདེང་འཇོག་བྱེད་འོས་པའི་སྤོབས་པ་རེ་སྐྱེས་འོང་གིན་འདུག་ལ།“དཔའ་བོ”དེ་ནི་བཟང་ངན་གང་ལྟར་ཡང་རང་གི་བཙན་པོ་འགྲོང་མཁན་གྱི་ལག་དམར་རམ་མདའ་མོ་གཅིག་གིས་བོད་ཁམས་སིལ་བུར་གཏོར་མཁན་གྱི་གཏེ་བོ་ཞིག་མིན་པའི་གདེང་ཚོད་ཀྱང་བྲལ་ཏོ།དེ་ལ་མཁར་རྨེའུ་བསམ་གཏན་ལགས་ཀྱིས1976ལོར་ཏུན་ཧོང་ཡིག་རྙིང་གི་གྲས་ནས་རྙེད་པར་གྲགས་པའི།ལྷ་སྲས་དར་མ་མན་ཅད་དང་།འོད་སུས་(སྲུང)་དབོན་སྲས་མན་(ཡན)་ཆད་དུ།སྤྱིར་ནི་དར་ཅིང་རྒྱས་ཅེས་(ཆེས)་པས།མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད་ཅེས་པ་འདི་དུས་རབས9པའི་ཕྱེད་གཉིས་པའི་ནང་བྲིས་པ་ཡིན་པར་ངོས་འཛིན་བྱུང་བ་ལས་ཀྱང་འོ་སྐོལ་ཚོར་སྔོན་མེད་ཀྱི་བློ་སྐྱེད་དང་བསམ་གཞིག་གི་སྟོང་ཆ་རེ་སྟེརིསྲིད་དོ།།
ལམ་གྱ་མ་གྱུ་ཞིག་གི་རི་ལམ་བརྒྱུད་མཐར་གཞི་ནས་བྲག་ཡེར་པའི་དགོན་འདབས་སུ་བསླེབས།ཡུལ་གཞན་ན་མཐོང་དཀོན་པ་དང་མཐོང་མ་ཐག་ཅུང་ཟད་ངོ་མཚར་བའི་སྣང་བ་སྟེར་ལ།རང་བྱུང་གཤིས་ཀྱིས་གྲུབ་པའི་བྲག་ཕུག་དག་གིས་སྒྲུབ་པ་ཉམས་སུ་ལེན་མཁན་མང་བོ་ཞིག་གནས་འདིར་ངང་གིས་བཀུག ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་ནས་རྗེས་སོར་མངའ་རིས་སྟོད་དུ་ཕྱག་ཕེབས་པ་བོད་དུ་ལོ་བཅུ་བདུན་བཞུགས་པའི་ཇོ་བོ་རྗེ་མར་མེ་མཛད་ཞུ་བའང་དེའི་གྲས་ཀྱི་གཅིག་ཡིན།ཐོག་མར་ཁོང་གི་རྟེན་འབྲེལ་ཕུག་པར་མཇལ་དུས།ཕྱིས་སུ་རྗེ་ཙོང་ཁ་པར་རྟེན་འབྲེལ་གྱི་དགོངས་པ་རྣལ་མ་འཁྲུངས་པའང་ཕུག་པ་དེ་ལ་འབྲེལ་བ་ངེས་པཅན་ཞིག་ཡོད་སྲིད་པའི་འཆར་སྣང་བྱུང་ལ།སྐྱེས་ཆེན་རིམ་པར་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པའི་དྲོད་རྒྱུན་དེ་ངའི་ལུས་ཀྱི་དབང་རྩ་ཐམས་ཅད་ལ་ཁྱབ་པར་གྱུར་ན་ཅི་མ་རུང་སྣམ་པའི་དད་འདུན་ཡང་འཕྱུར།བསྡད་ཀྱིན་བསྡད་ཀྱིན་བྱ་བྱེའུའི་གསུང་སྙན་དང་བྲག་ཆུའི་འབབ་དབྱངས་ཙམ་ལས་ཏིང་འཛིན་གྱི་གཉིད་ལས་དཀྲོག་མཁན་མེད་པ་ལྟ་བུའི་གནས་དེ་ལ་གོ་བ་གསར་བ་ཞིག་ལོན་སོང་།ཡང་གཅིག་བྱས་ན།ལོ་རྒྱུས་ཀྱི་བྱུང་བ་དེ་ལས་ང་ཚོ་བོད་པ་རྣམས་ནི་ཏག་ཏག་ལ་ཕྱི་འོང་ལ་དད་འདུན་ཟབ་ཅིང་།ཕྱི་འོང་གི་རིག་གནས་དེ་རང་ཉིད་ཀྱི་ཁྱད་ཆོས་དང་ལྡན་པའི་རིག་གནས་སུ་སྒྱུར་ཕོད་པའི་རང་གཤིས་ཤིག་ཀྱང་རྙེད་དུ་ཡོད།ཏག་ཏག་ལ་རང་ཉིད་ཀྱི་ཁྱད་ཆོས་དང་ལྡན་པའི་རིག་གནས་འདིས་འཛམ་གླིང་གཞན་ཀུན་ཁ་རོག་གེར་བསྐྱུར་བའང་ཡོད།
རྟེན་འབྲེལ་ཕུག་པར་བཞུགས་པའི་དགེ་སློང་ན་ཡོལ་ཞིག་ལ།ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་བཀའ་གདམས་གླེགས་བམ་དུ་གྲགས་པ་སྟེ།ནམ་རྒྱུན་བཀའ་བདམས་ཕ་ཆོས་བུ་ཆོས་ཟེར་བའི་སྐོར་ལ་བཀའ་དྲིན་ཞུས་པ་ན།ཁོང་གིས་དགྱེས་ཉམས་དང་བཅས་མཛུམ་མོ་ཀེར་ནས་མདུན་ཐད་གྱི་རི་བོ་ཆུང་ཆུང་ཞིག་བསྟན་པ་དང་།དེ་ལ་ཡེར་པ་ལྷ་རི་སྙིང་བོ་ཟེར་བ་དང་།དེའི་མགུལ་དུ་རྡོ་ཁྲི་སྔོན་མོ་ཞིག་བཞེངས་འདུག་པ་དེ་ནི་ཁུ་རྔོག་འབྲོམ་གསུམ་ལ་ཇོ་བོ་རྗེ་ཨ་ཏི་ཤས་ཆོས་གསུང་ས་རེད་ཅེས་གསུངས་བྱུང་།ཕ་སྟོན་པ་རིན་པོ་ཆེས་ཞུས་པ་ལ་ཕ་ཆོས་དང་།བུ་རྔོག་ལེགས་པའི་ཤེས་རབ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་ཀྱིས་ཞུས་པ་ལ་བུ་ཆོས་སུ་གྲགས།དེ་ནས་བཟུང་།སྡུག་ན་སྐད་ངན་མི་འདོན་ཞིང་སྐྱིད་ན་སྐྱོ་ཤས་ཆེ་བའི་སྐྱེས་ཆེན་དམ་པ་ཟམ་མ་ཆད་པར་བྱོན་ལ།《བྱང་ཆུབ་ལམ་གྱི་སྒྲོན་མེ》ཉམས་སུ་ལེན་པའི་སྐྱེས་བུའང་དབུས་གཙང་གི་སའི་ཁྱོན་ལ་ཁྱབ་པར་གྱུར།དེ་ནས་བཟུང་།ཇོ་བོ་རྗེའི་འཕྲིན་ལས་ལ་བརྟེན་པའི་བསྟན་འཛིན་གྱི་སྐྱེས་བུ་འཕྲོ་རིམ་འཕྲོར་བྱོན།ང་དལ་བུར་ལྷ་རི་སྙིང་བོའི་མགུལ་དུ་སོང་ནས་ལོ་ངོ་ཆིག་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་པའི་རྡོ་བརྩིགས་ཀྱི་ཁྲི་ལ་ལག་སོར་གྱིས་རེག་པའི་ཚེ།གཞན་ཕན་དང་ལྷག་བསམ།ཤེས་རབ་དང་སྙིང་རྗེའི་འཇམ་ཤ་ཚོར་བ་དང་ཆབས་ཅིགཇོ་བོ་རྗེའི་སྡུག་ན་སྐད་ངན་མི་འདོན་ཞིང་སྐྱིད་ན་སྐྱོ་ཤས་ཆེ་བའི་བྱུང་རབས་བསམ།སྤྱིར་གཏང་གི་འཚོ་བའིབརྒྱུད་རིམ་མང་བོ་ཞིག་ང་ཚོ་ཕྱི་རབས་པ་རྣམས་ལ་བསྐྱུར་མེད་པས་ཡི་མུག་དང་བློ་འགྱོད་ཀྱང་བྱུང་།རྗེས་བཤད་དང་མི་ཁ་མི་འབྱུང་བའི་ཆེད་དུ།བྱ་རྡོ་ཐོག་ནས་འཕུར་བ་ལྟ་བུ་བཟང་སྙམ་པའི་དགོས་དབང་དང་གོམས་སྲོལ་དེས་སྐབས་ཐོག་དེའི་མཁས་པ་རྣམས་ཀྱིས་ཀྱང་ང་ཚོ་ལ།ཕྱི་གསལ་ནང་གསལ་གྱི་ཡིག་ཚང་རེ་བསྐྱུར་མེད་པ་ནི་དེ་བས་ཀྱང་མཚར་ཆེ།དད་གུས་དང་ཕངས་སེམས་ཤིག་དང་བསྡོངས་ནས་རི་ལམ་ཀྱག་ཀྱོག་བརྒྱུད་དེ་དགོན་འདབས་སུ་བབས།ཕྱི་མིག་ཅིག་བལྟས་དུས་ཕོན་པོ་ཕོན་པོར་འཛིངས་ནས་སྐྱེས་པའི་ཚེར་ཤིང་གི་ལོ་མ་སེར་པོར་གྱུར་ནས་གནའ་བོའི་དགོན་རྙིང་དེ་སྙིང་སྡུག་ཏུ་བསྒྱུར་ཡོད་ལ།གློ་བུར་འབབ་པའི་ཁ་བ་ལེབ་མོས་རྡོ་ཁྲི་སྔོན་མོ་དེའང་ཐག་རིང་ཐག་རིང་ཞིག་ཏུ་བསྐྱུར་པ་དང་འདྲ་བའི་སྣང་བ་བྱིན་བྱུང་།
  • ལེ་ཚན་སྔོན་མ།:ཆོས།
  • ལེ་ཚན་རྗེས་མ།:ཡོ་འབོག་གི་སྡོང་བོ།