ཆོས།

འབོའུ་ཆོས་འཛིན།        2012-07-13

ཆོས།


འདིར་གླེང་བ་ནི་འཚེ་མེད་ཞི་བའི་དམ་ཆོས་དེ་ལགས་པས།ཆོས་ནི་བརྗིད་ཆགས་ཡིད་འོང་གི་བཟོ་བཀོད་དེ་ཚོ་ཡིན་ལ་དེ་ཚོ་ཡང་མིན།ཆོས་ནི་མི་ཚོགས་ལང་ལོང་དུ་འདུ་སའི་མཛད་སྒོ་དེ་ཚོ་ཡིན་ལ་དེ་ཚོ་ཡང་མིན་པས།ཆོས་ནི་བྱམས་བརྩེས་ཀུན་ནས་བསླངས་པའི་གཞན་ཕན་གྱི་བགྱི་བ་ཡང་དག་པ་ཞིག་སྟེ།དེ་ཡི་བློ་ཕུགས་སུ་རང་དོན་མེད་ལ།ཁེ་འདོད་གྲགས་འདོད་ནི་དེ་བས་ཀྱང་ཡོད་མི་སྲིད།
འདོད་བློ་དང་ཆ་རྐྱེན་གང་ཡང་མེད་པར་…….འདི་ལྟར་སྒྲུབ་མཁན་ཚོ་ནི་ངེས་དོན་གྱི་ཆོས་པ་སྟེ།བསམ་པའི་དཔལ་ཡོན་གྱིས་ཕྱུག་པའི་རླབས་ཆེན་སྐྱེས་བུ་དེ་ཚོ་འཛམ་གླིང་ཞི་བདེར་ཕྱོགས་པའི་མིག་དཔེ་ཡིན་ལ།རིག་གཞུང་དེ་སྲོག་ལྡན་ཐམས་ཅད་མཛའ་མཐུན་མཉམ་གནས་ཡོང་བའི་ལམ་སྟོན་གྱི་སྒྲོན་མེ་ལགས།
ཆོས་ནི་རླབས་ཆེན་གྱི་བསམ་བློ་པ་ཞིག་གིས་འཇག་སྤྱིལ་ནས་རྙེད་པའི་གཞན་ཕན་གྱི་འོད་སྣང་སྟེ།མུན་ནག་གི་ཀློང་ན་འཁྱམས་པའི་སྐྱེ་འགྲོའི་དོན་དུ་མཁའ་ལ་བཏེགས།
དེའི་ཕྱིར་ཆོས་ནི་རིས་མེད་སྐྱེ་བོ་རྣམས་ཀྱིས་ལག་ཏུ་བསྟར་ཅིང་ལོངས་སུ་སྤྱོད་དགོས་པ་ལས།མཐོན་པོའི་ཁྲི་ལ་འགྱིང་བྱེད་ཀྱི་ཐམ་རྟགས་མིན་ལ།མི་རྟག་སྲིད་འབྱོར་སྡུད་བྱེད་ཀྱི་ཕྱག་མཚན་ནི་དེ་བས་ཀྱང་ཡིན་མི་སྲིད་པས།ནོར་གྱི་དོན་དུ་ཆོས་བྱས་པ་ཆོས་མིན་ལ།ཆོས་ཀྱི་ཕྱིར་དུ་ནོར་ཕུལ་ཆོས་མིན་ཀྱང་བདག་པོའི་ཀུན་སློང་དང་…བཞེས་མཁན་གྱི་བྱམས་བརྩེ་ལ་རག་ལས་ཕྱིར།བརྩེ་བ་བྲལ་པའི་ཆོས་པ་ནི་ཆོས་པའི་གདོང་འབག་གྱོན་པའི་སྲིན་པོ་སྟེ།མི་ལུགས་ཀྱི་ཁྲེལ་གཞུང་ཙམ་ཡང་མེད་ན་ལྷའི་གོ་སར་བསྡད་ཀྱང་མི་མིན་ལ།ལྟོ་ཐུན་ཞིག་གི་རྒྱུ་འབྲས་བརྩིས་ཕྱིན་ཁྱིའི་ས་ན་ཡོད་ཀྱང་ལྷ་ཡིན་ནོ།
ཆོས་ནི་ཕྲ་རགས་ཤེས་བྱ་ཐམས་ཅད་མངོན་སུམ་གཟིགས་པའི་བློ་གྲོས་ཀྱིས་འཕངས་པའི་རྒྱུ་འབྲས་དྲང་ཐིག་སྟེ།དེ་ལ་ཕྱུག་པོའི་ལྐོག་རྔན་གྱིས་གསང་ལམ་བརྒྱུས་སའི་ལྟག་སྒོ་མེད་ལ།བཙན་པོའི་དཔུང་འཇུག་གིས་རྒྱལ་ཕམ་རྩོད་པའི་གཡུལ་ས་མེད་པས།བུ་སྐྱེས་ན་སྤྲང་པོའི་བྲག་ཁུང་སྐམ་པོར་མཆོག་བརྙེས་པའི་དཔེ་ཡོད་ལ།བྱས་ཉེས་ན་དབུ་གདུགས་རྟ་དར་ཅན་ཡང་མུན་གླིང་འགྲིམས་པའི་གཏམ་ཡང་ཡོད།
ཆོས་ནི་འཇིག་རྟེན་འདིར་ཆེས་གཟུ་བོར་གནས་པའི་རྒྱལ་སྲས་ལྡོམ་བུ་པ་ཞིག་གིས་བཅས་པའི་ཡང་དག་པའི་ཁྲིམས་ལུགས་ཏེ།དམིགས་རྒྱང་བསྐལ་པའི་མཐའ་ལ་གཏད་ཅིང་།བརྩེ་བས་འགྲོ་ཡོངས་ལ་ཁྱབ་པའི་ཁྲིམས་ལུགས་དམིགས་བསལ་ཅན་ཞིག་ལགས་པས།དེ་རུ་སྐྱེ་འགྲོ་ཀུན་གྱིས་སྡུག་བསྔལ་གྱི་ཀློང་ནས་བདེ་བ་སྙེག་པའི་ཚེ་སྲོག་གི་རིན་ཐང་འདྲ་མཉམ་ཡིན་ལ།ཁྱོད་ཀྱིས་བཟའ་བ་ཁམ་གང་གི་ཆེད་དུ་ངའི་ཚེ་སྲོག་འཕྲོག་པ་དེ།ང་ལ་མཚོན་ན་འཇིག་རྟེན་བླ་འོག་བསྒྱུར་པའི་སྔངས་སྐྲག་དང་།སྡུག་བསྔལ་བཟོད་གླགས་མེད་པའི་ཚོར་བ་དེ་གང་གིས་ཀྱང་གསབ་མི་ཐུབ་པའི་སྟོང་ཆ་ཞིག་ལགས་མོད།འོན་ཀྱང་ཆ་ཙམ་ཡང་མ་ཆད་པར་སོབས་སུ་འཇུག་ལ།བསབ་ཀྱང་དགོས་པས།ཁྱོད་ལ་རྒྱུ་འབྲས་རྩིས་གྲངས་སུབ་པའི་ཁེ་ཕན་ཞིག་རེག་སྲིད་དམ།མངོན་སུམ་མཐོང་ཡུལ་གྱི་ལོག་སྤྱོད་དེ་ཙམ་དུ་མ་ཟད།རྐུ་འདོད་འཕྲོག་འདོད་ཀྱི་ཀུན་རྟོག་རྒྱུ་བ་ཡན་ཆད་དེ་ཡི་སྤྱན་ལམ་ལ་བོར་པའི་གནས་མེད་པས།ཆོས་ནི་ཁྱོད་ཀྱི་ནག་ཉེས་ཁབ་ཀྱིས་འཚོལ་ཞིང།ང་ཡིས་མྱོང་བ་སྲང་ལ་འཇལ་བའི་དྲང་བདེན་གྱི་གཟུ་དཔང་ཞིག
ཀྱེ་མ།སྲོག་ལྡན་དང་སྲོག་ལྡན་འདྲ་མཉམ་མིན་པའི་སྤྱི་ཚོགས་ལ་དེ་ལྟའི་ཁྲིམས་ལུགས་མཁོ་ཞིང་།ཁྲིམས་ལུགས་དེ་མངོན་དུ་འགྱུར་རྒྱུ་ཡང་ཉམ་ཆུང་བའི་ཚེ་སྲོག་གྲངས་མེད་ཀྱི་རེ་འབོད་དང་།ང་ཚོ་འཚོ་གནས་ཀྱི་རང་བྱུང་ཁམས་ཆེན་པོའི་སྙུང་གཞི་གསོ་བའི་སྨན་མཆོག་ལགས།
ཆོས་ནི་ཡུལ་འདིར་ཆེས་བྱམས་བརྩེ་ལྡན་པའི་སྣེ་འཁྲིད་པ་ཞིག་གིས་གསར་འདོད་གནང་བའི་གཞུང་ལམ་སྟེ།ང་ཚོ་འོད་སྣང་གིས་འཁྱུད་པའི་ལམ་ལས་ཤམ་བྷ་ལའི་ཞིང་དེར་བསླེབ་ན།དེ་རུ་ཕྲག་དོག་གི་སྡང་མིག་མེད་ལ།ཞེ་སྡང་གི་འཐབ་འཁྲུག་ཞི་བས།དེར་གནས་རྣམས་ཀྱི་མཉེས་གཤིན་དང་བས་བརླན་པའི་སེམས་རྒྱུད་ནི་ཅི་འདྲའི་ཞི་འཇགས་ཤིག་རེད་ཨང་།
རེད་ཡ།ཡུལ་དེར་ཧམ་སེམས་ཀྱི་འཕྲོག་རྩོད་མེད་ལ།འདོད་རྔམ་གྱི་མེ་ཆེན་ཞི་བས།ཁོར་ཡུག་གི་གནས་རི་དང་།གཏེར་རི།ནགས་ཚལ་དང་སྤངས་ལྗོངས་དག་ན་གཡུ་མདོག་གི་ལང་ཚོ་མངོན་ཅིང་།ལྷུང་ལྷུང་དུ་འབབ་པའི་ཆུ་མིག་དང་གཙང་བོ།མཚོ་དང་མཚེའུ་རྣམས་རྫས་འགྱུར་སྣ་ཚོགས་ཀྱི་དུག་དང་མ་འདྲེས་ཤིང་།ཆར་ཆུ་དུས་ལྟར་བབས་པས།སྐྱེ་དངོས་གྲངས་མེད་པའི་ཚེ་སྲོག་ལྗང་ལྡེམ་གྱི་གཟི་མདངས་རྒྱས།ད་དུང་དེ་རུ་རྒྱུ་བའི་གཡང་ཟོག་སྟེ།བྲེ་སེར་འབྲོང་དང་།ཁ་དཀར་རྐྱང་།ཤ་བ་རྭ་རིང་དང་།དགོ་བ་འཕོངས་དཀར་སོགས་མི་ལ་འདྲིས་ཤིང་བག་ཕེབས་སུ་ཁྱུ་དང་ཁྱུ་རུ་འདུས་ཏེ་རྒྱུ་།
ཨེ་མ།དེ་ནི་ང་ཚོའི་སྙིང་ནས་རེ་བའི་ཤམ་བྷ་ལའི་ཞིངས་ཁམས་ཏེ།ང་ཚོས་མི་རབས་ནས་མི་རབས་བར་དྭངས་གཙང་བག་ཕེབས་ཀྱི་ཞིང་མཆོག་དེ་ནས་འཚོ་བ་རོལ་ཐུབ་པར་སྨོན།
༼རྩོམ་སྒྲིག་འགན་འཁུར་བ་དངོས་སྦྱོང་སློབ་མ་ཀརྨ་མཚོ།༽སྦྲང་ཆར་ལས་བཏུས།
  • ལེ་ཚན་སྔོན་མ།:བར་ཐག་གི་མཛེས་པ།
  • ལེ་ཚན་རྗེས་མ།:གནས་རྙིང་རྒྱང་འཇལ།