བར་ཐག་གི་མཛེས་པ།

བདེ་སྐྱིད་སྒྲོལ་མ        2012-07-12

བར་ཐག་གི་མཛེས་པ།



ང་དང་ཁྱོད་ཀྱི་བར་ཐག་ནི་ས་དང་གནམ་ཡིན།ཉིན་དང་མཚན་ཡིན།སྟོད་རྒྱ་གར་དང་སྨད་རྒྱ་ནག་ཡིན།ཚེ་འདི་ཕྱི་ཡིན། བར་ཐག་དང་ལྡན་པའི་རྐྱེན་གྱིས།ནམ་ཞིག་ཉི་མ་དང་པད་མའི་བརྩེ་དུངས་ཉིན་མོའི་གླེང་གཞི་རུ་གྱུར་ལ།ཟླ་བ་དང་ཀུ་མུད་ཀྱི་གཏམ་རྒྱུད་དེ་མཚན་མོའི་སྙན་ཚིག་ཏུ་གྱུར་པ་ནང་བཞིན།ང་དང་ཁྱོད་ཀྱི་འབྲེལ་འདྲིས་མི་སྣང་བའི་དྲན་གདུང་དེའང་ཐག་རིང་ཐག་རིང་གི་སོ་སོའི་སེམས་ནང་དུ་བདེ་བའི་དབུགས་དབྱུང་འབའ་ཞིག་ཡིན་པ་ལས།དེས་སོ་སོའི་སེམས་ཁམས་ལ་གནོན་ཤུགས་དང་ལྗིད་ཚད་ཅིག་ཏུ་འགྱུར་ག་ལ་སྲིད།བར་ཐག་དང་ལྡན་པའི་རྐྱེན་གྱིས།ངས་རང་སྣང་གང་ཤར་གྱིས་ཁྱོད་ཉིད་དྲན་ཆོག་ལ་དྲན་དགོས་པའི་རྒྱུ་མཚན་བཙལ་ནས་མ་རྙེད་ཀྱང་ལོས་ཆོག ཁྱོད་ཀྱིས་ཀྱང་བསམ་གཞིག་རང་མོས་སུ་ལྷོད་ནས་ང་དང་འབྲེལ་ཡོད་ཀྱི་དོན་གང་རུང་ལ་འཆར་ཡན་གྱི་རྟོག་བཟོ་གང་མང་བྱས་ཆོག་པ་རེད།ངའི་སེམས་ལ་བྲལ་གདུང་གི་སྐྱུར་རྩི་སྦྱིན་མ་མྱོང་བའི་ཁྱོད་ཉིད་དང་ཁྱོད་ཀྱི་སྙིང་ལ་དམ་བཅའི་ཐིག་ལེ་ཕབ་མ་མྱོང་བའི་ངེད་གཉིས་ཀྱིས་བར་ཐག་ཡོད་པའི་གོ་སྐབས་འདིར་བརྟེན་ནས་ཕན་ཚུན་འདུ་འབྲལ་གྱི་ཆོ་ག་བགྱིས་སམ་མ་བགྱིས་གང་ཡང་ཆོག་སྟེ།རྒྱུ་མཚན་ནི།ངེད་གཉིས་ཀྱི་བར་ཐག་དེ་རིང་དྲགས་དུས་འཇལ་ནུས་ཀྱི་རྩིས་གཞི་འགོད་ཐབས་བྲལ་ལ།ཐུང་དྲགས་དུས་བར་ཐག་ཅེས་པའི་མཚན་ཉིད་ཅིག་འཇོག་རིན་ཀྱང་མེད་པས་སོ།།བར་ཐག་དང་ལྡན་པའི་རྐྱེན་གྱིས།ངས་རང་གི་སྐ་ཉག་རིང་བོ་རྣམས་ཅི་ནུས་ཀྱིས་ཕྱོགས་བཞིའི་རླུང་ལ་བསྐུར་ཅིང་ཡན་ལག་གི་སྟངས་སྟབས་སྣ་ཚོགས་ཅི་འདྲར་ངོམ་ཡང་གཞན་གྱི་བཀག་རྐྱེན་ཐེབས་མི་སྲིད་ལ།ཁྱོད་ཀྱིས་ཀྱང་རང་གི་དུ་བའི་ཨ་ལོང་གོར་མོ་རེ་རེ་གཡས་འཕེན་གཡོན་འཕེན་བྱེད་ཅིང་།བློ་སེམས་རྕེ་གཅིག་གིས་འདང་རྒྱག་གི་སྒོ་མོ་ཅི་དགར་ཕྱེ་ཡང་སུ་ཞིག་གིས་ཐེ་གཏོགས་བྱེད་མི་སྲིད།ངེད་གཉིས་ལ་བར་ཐག་གིས་ཆོད་མཚམས་སུ་ནམ་ཡང་འཇིག་རྟེན་དཀར་ནག་གི་ཤི་གསོན་རྒྱུ་ངེས་ལ།ངེད་གཉིས་བར་ཐག་གིས་བཅད་པའི་ས་མཚམས་སུ་ནམ་ཡང་སྲིད་པ་ཆགས་འཇིག་གི་རོལ་དབྱངས་དཀྲོལ་ངེས།བར་ཐག་དང་ལྡན་པའི་རྐྱེན་གྱིས།རྨི་ལམ་ལས།ངས་ཁྱོད་ལ་ཕྱོགས་ནས་འཛུམ་དམུལ་འབྱེད་ཙམ་དང་ཁྱོད་ཀྱིས་ཀང་ངའི་ཕྱོགས་ལ་རྣ་བ་བླགས་ཙམ་དང་མགོ་བོ་ལྡེམ་ཙམ་ལས་ཐ་ན་ཕན་ཚུན་གྱི་གདོང་ན་མཆིས་པའི་སྨེ་བ་དང་བ་སྤུ་རྣམས་ཀྱང་རེ་རེ་བཞིན་གསལ་བོར་མཐོང་དགོས་པའི་ངེས་པ་མེད་པས།བཤད་འདོད་པའི་སྐད་ཆ་སྟོང་ཕྲག་མིད་པར་བསྐྱིལ་ནས་སྔར་བཞིན་སོ་སོའི་བགྲོད་ལམ་དུ་འགྲོ་སྲིད་ལ།སྔར་བཞིན་རང་རང་གི་འདོད་མོས་ལྟར་གོམ་པ་སྤོ་བཞིན་པ་འདིས་ཀྱང་ཕན་ཚུན་བར་གྱི་དུས་ཚོད་གང་མང་བོར་བརླག་མ་ཤོར་པའི་མཛེས་སྡུག་གི་དོན་དངོས་ཤིག་ར་སྤྲོད་བྱེད་བཞིན་ཡོད་ཨང་།ངེད་གཉིས་ཀྱི་བར་ཐག་ནི་ཆེས་བབ་ཆགས་ཀྱི་འཚོ་བའི་ཁྲོད་བྱུང་བའི་ཆེས་ཕལ་བའི་གཏམ་རྒྱུད་ཅིག་གི་རྒྱབ་ལྗོངས་ཆེན་པོ་ཡིན།བརྗོད་བྱ་གཙོ་བོ་ཡིན།སྒྱུ་རྩལ་མཐོ་ཤོས་ཡིན།བར་ཐག་དང་ལྡན་པའི་རྐྱེན་གྱིས།ངས་ལེ་ལན་གྱི་དམོད་ཚིག་དྲག་ཏུ་སྨྲ་བཞིན་འགྱོད་སེམས་ཀྱི་མིག་ཆུ་ཁྱོད་ཕྱོགས་ལ་གཏོར་མི་སྲིད་ཅིང་།ཁྱོད་ཀྱིས་ཀྱང་ཞེ་སྡང་གི་ཁུ་ཚུར་དགུང་ལ་ཕྱར་ཏེ་ང་ལ་དགྲ་ནག་གི་ལྟ་སྟངས་འཛིན་དགོས་དོན་ཡེ་ནས་མེད་པས།མཚམས་རེར་ངས་གསང་བའི་སྒོ་ནས་ཁྱོད་ཀྱི་དོན་དུ་བྱ་བ་ཕྲན་ཚེགས་ཤིག་སྒྲུབ་ངེས་ལ།ཁྱོད་ཀྱིས་ཀྱང་ང་ལ་སེམས་ཀྱིས་འཚམས་འདྲི་རེ་གཉིས་ཤིག་བགྱིས་ཀྱང་ཅིས་མི་ཆོག ཆོགསྟེ།ངེད་གཉིས་ཀྱི་བར་ཐགདེ་ནམ་ཡང་མེ་ཡིས་འཚིག་མི་སྲིད་ལ་ཆུ་ཡིས་སྣུབ་མི་སྲིད་པར་མ་ཟད།ལོ་ཟླས་ཀྱང་རྒས་མི་སྲིད་པས།དེའི་ཡུལ་ལྔོངས་སུ་ཉེ་རིང་ཆགས་སྡང་དང་ཐོབ་ཤོར་འདུ་འབྲལ་གྱི་རི་མོ་དེ་བས་མི་གསལ།བར་ཐག་དང་ལྡན་པའི་རྐྱེན་གྱིས།ང་ནི་གཙང་བོ་བཞིན།ཁྱོད་ནི་རྒྱ་མཚོ་བཞིན།ངའི་སེམས་ཁོང་གི་བཞུར་རྒྱུན་དེ་གཙང་བོ་གང་ལས་མྱུར་ཅིང་རྒོད་ལ་ཁྱོད་ཀྱི་རེ་སྒུག་གི་རླབས་འགྱུར་དེའང་རྒྱ་མཚོ་གང་ལས་ཆེ་ཞིང་དྲག་མོད།ངའི་འདོད་འདུན་ནི་ཁྱོད་ལ་ཕྱོགས་པའི་དལ་མེད་ཀྱི་བཞུར་རྒྱུན་ཁོ་ན་ཡིན་པ་ལས་མཐའ་འཇུག་གི་རྒྱ་མཚོ་མིན།ཁྱོད་ལ་མཁོ་བ་ཡང་ང་ལ་བཟུང་བའི་རེ་སྒུག་གི་བརྒྱུད་རིམ་རིང་མོ་ཡིན་པ་ལས་གཙང་ཆབ་ཀྱི་ཐུག་འཕྲད་མིན་པས།ངེད་གཉིས་ཀྱི་བར་ཐག་གིས་ནམ་ཡང་མཛེས་སྡུག་གི་འཇའ་ཚོན་བཀྲ་ཞིང་ཨ་སྔོན་གྱི་གཡའ་ངོ་དྭངས་པར་བྱེད་ངེས།དཀར་དམར་གྱི་རླུང་རྟ་འཕུར་ཞིང་ལང་ལོང་གི་བསང་དུད་འཕྱུར་ངེས།སྐྱེ་དངོས་ཀྱི་འཚར་ལོངས་ངང་ཤུགས་སུ་གནས་ཤིང་བྱ་བྱེའུ་ཡི་སྐད་སྙན་སྒྲོག་ངེས།བར་ཐག་དང་ལྡན་པའི་རྐྱེན་གྱིས།ད་ལྟའི་ང་ལ་མཚན་ན་གཞི་ནས་མག་མོག་ཏུ་གྱུར་པའི་ཁྱོད་ཀྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་ཅི་འདྲའི་གསང་བ་ལྐོག་གྱུར་ཅིག་ཡིན་ལ།ཁྱོད་ཉིད་ལ་ཤུགས་རྐྱེན་ཟབ་མོ་བཟོས་མ་མྱོང་བའི་ངའི་མིག་རྣ་སྣ་ལྕེ་ལུས་རྣམས་ཀྱང་ད་ལྟའི་ཁྱོད་ལ་མཚོན་ན་ཅི་འདྲའི་རྒྱུས་ལོན་དཀའ་ཞིང་ནམ་ཡང་ལོངས་སྤྱོད་མི་ནུས་ལ།དེའི་ཕྱིར་ད་གཟོད་བར་སྣང་ཁམས་ཀྱི་བར་ཐག་དང་དུས་ཚོད་འཁོར་ལོའི་ཡུན་ཐག་ཟུང་གིས་ངེད་གཉིས་ཀྱི་དངོས་ཡོད་འཚོ་བར་དོན་སྙིང་ལྡན་པའི་རིན་ཐང་སོ་སོ་བ་ཞིག་འཇལ་བཞིན་ཡོད་པ་མ་ཡིན་ནམ།ཐག་རིང་ཐག་རིང་གི སྙིང་ཉེ་སྙིང་ཉེ་བོ།     རྩོམ་སྒྲིག་པ་དངོས་སྦྱོང་སློབ་མ་ལྷ་སྐྱིད། སྦྲང་ཆར་ལས་བཏུས།
  • ལེ་ཚན་སྔོན་མ།:ཚེ་སྲོག་ངོས་འཛིན།
  • ལེ་ཚན་རྗེས་མ།:ཆོས།