རེབ་གོང་བ་རྡོ་རྗེ་རྒྱལ་གྱིས་བརྩམས། དགེ་ཆོས་རྩོམ་རིག་དྲ་བ། 2011-08-18
གཅིག དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་གསོལ་འདེབས།
གདུང་བཙུན་བཙུན་པའི་རིགས་དང་ཕལ་བའི་ཚུལ།།
མཁོ་རྒུ་ཚང་བའི་དུས་དང་སྤྲང་བོའི་དུས།།
བཙུན་པ་བཟང་ཤོས་ཁྱིམ་པ་སྡུག་ཤོས་སོགས།།
སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེས།། ཞེས་པའོ།།
གཉིས། རྣམ་ཐར་གསོལ་འདེབས་ལག་སོན་བྱུང་ཚུལ་སྟོན་པ།
གོང་དུ་འཁོད་པའི་རྣམ་ཐར་གསོལ་འདེབས་འདི་ཁམས་ཉག་རོང་གི་སྤྲུལ་པའི་སྐུ་མཆོག་ཟླ་བ་བཟང་བོས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་ཁྲིད་གསན་པའི་ཚེ། དབུ་མའི་སློབ་དཔོན་དགེ་ཆོས་རིན་པོ་ཆེ་ཁྱེད་ལ་བརྟེན་པའི་བདག་ཅག་ལྟོས་བཅས་གདུལ་བྱ་རྣམས་ཀྱི་ངོར་རྣམ་ཐར་གསོལ་འདེབས་ཤིག་གསུངས་དགོས་དོན་ཞུས་བར། ཁོང་གིས་ཡེ་གེ་མ་བཀོད་པར་གསང་རྒྱའི་ཚུལ་དུ་ཐུགས་ཐོག་ནས་རང་རྣམ་འདི་གསུངས་པ་ཡིན། ཕྱིས་སུ་ཉག་རོང་སྤྲུལ་སྐུ་ལས་ཁོང་གི་ཐུགས་སྲས་བུ་སློབ་བོད་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་དབུ་མ་ཀླུ་སྒྲུབ་དགོངས་རྒྱན་གྱི་ལུང་ཁྲིད་གསན་པའི་རེ་ཞིག་གི་ཚེ་གསང་ཐབས་སུ་རྣམ་ཐར་གསོལ་འདེབས་འདིའི་ལྗགས་ལུང་ཐུགས་ཐོག་ནས་གསུངས། སྤྱི་ལོ༢༠༠༢ལོར་ཁོ་བོ་དབུས་གཙང་དུ་གནས་མཇལ་དུ་ཕྱིན་ཅིང་ཧོར་ཟླ་ལྔ་བའི་ཚེས་ཉེར་ལྔའི་ཉིན་མཁས་དབང་བྱམས་པ་འཕྲིན་ལས་ལགས་ཀྱི་གཟིམ་ཤག་ནས་མཁས་དབང་དགེ་འདུན་ཆོས་འཕེལ་སྐོར་གྱི་གླེང་མོལ་ཆུ་ཚོད་གཅིག་དང་ཕྱེད་ཀར་གནང་སྐབས། ད་ནི་མཁས་དབང་དགེ་ཆོས་རིན་པོ་ཆེར་གསང་བའི་རྣམ་ཐར་གསོལ་འདེབས་ཤིག་ཡོད་པ་ཁྱེད་ལ་འབུལ་བའི་དུས་ལ་བབས་སོ་ཞེས་གསུང་གིས་དབུགས་དབྱུང་མཛད་དེ་བདག་ལ་ལུང་ཁྲིད་ཀྱི་ཚུལ་དུ་གསུངས་པའི་མུར། ཡིག་ཐོག་ཏུ་བཀོད་ནས་གནང་དགོས་ཚུལ་ནན་ཏན་གྱིས་ཞུས་པ་ན།ཕྱི་ཉིན་ལྷ་ས་སྨན་རྩིས་ཁང་གི་མཁས་དབང་མཁྱེན་རབ་ནོར་བུའི་བཞུགས་ཤག་ཏུ་ཐམ་གས་མནན་པའི་ཕྱག་ཡིག་ཞལ་གདམས་དང་བཅས་ཏེ་བདག་ལ་དགྱེས་བཞིན་གནང་བ་ལགས།
གསུམ། རྣམ་ཐར་གསོལ་འདེབས་ཀྱི་ཚིག་དོན་ལ་དཔྱད་པ།
༡ གདུང་བཙུན་བཙུན་པའི་རིགས། ཞེས་པའི་ཚིག་ལ་ཕྱོགས་གསུམ་ནས་དགོངས་པ་ལེན་དགོས་ཏེ།དང་པོ་དང་བོ་གདུང་རྒྱུད་རིགས་རུས་ཀྱི་སྟེང་ནས་ངོས་འཛིན་བྱེད་རྒྱུ་དང་། གཉིས་པ་ཕའི་སྐྱེ་ཕྲེང་གི་སྟེང་ནས་གདུང་རྒྱུད་ངོས་འཛིན་བྱེད་པ།གསུམ་པ་དགེ་ཆོས་རང་གི་སྐུའི་སྐྱེ་རྒྱུད་ཀྱི་སྟེང་ནས་གདུང་རྒྱུད་ངོས་འཛིན་པ་བཅས་ལས།
དང་བོ་ནི། རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་ཞལ་བཞུགས་དུས་རེབ་གོང་ན་སྔགས་རྙིང་མའི་བསྟན་པ་སྐྱོང་བའི་བླ་མ་མི་བསྐྱོད་ཞུ་བ་ཅིག་ཡོད། དེའི་སྲས་སྐུ་གཞོགས་རྒྱལ་བོ་ཚང་ཡིན།དེའི་སྲས་དགེ་འདུན་ཆོས་འཕེལ་ཡིན།ཡབ་སྲས་འདི་གཉིས་ཀས་ཀྱང་སྐུ་ཚེ་གང་བོར་བསྟན་སྲིད་ཀྱི་བྱ་བ་ཁོ་ན་གཉེར་ཞིང་། རེབ་གོང་སྟོད་སྨད་བར་གསུམ་ན་སྙན་གྲགས་དང་གདུལ་བྱ་ཧ་ཅང་རྒྱས་ཡོད་སྟབས་དགེ་ཆོས་ཀྱང་རིགས་རུས་དྲི་མ་མེད་པ་གང་གི་གདུང་རྒྱུད་དུ་འཁྲུངས་པའམ་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པས་ན་དེ་ལྟར་བརྗོད།
གཉིས་པ། རེབ་གོང་ས་ཁུལ་དུ་སྔགས་རྙིང་མའི་བསྟན་པ་དར་ཚུལ་གྱི་དབང་གིས་ཉིན་སྲིབ་ཀྱི་སྡེ་གཉིས་སུ་ཕྱེས་ཡོད་དེ། སྲིབ་ཀྱི་གདན་ས་གསུམ༼རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་གདན་ས་རིག་འཛིན་རབ་འཕེལ་གླིང་།༽ སྤྱང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་གདན་ས་ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གདན་ས་གཡའ་མ་བཀྲ་ཤིས་འཁྱིལ་ཉིན་གྱི་དགོན་པ་གསུམ༼རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་ཀོའུ་བདེ་དགོན་པ་རྫོགས་ཆེན་རྣམ་རྒྱལ་གླིང་། མག་སར་པཎིཌ་ཏ་ཀུན་བཟང་སྟོབས་ལྡན་དབང་བོའི་དགོན་པ་རིག་འཛིན་པདྨ་རྣམ་གྲོལ་གླིང་། ཁམས་བླ་ནམ་མཁའ་རྒྱ་མཚོའི་དགོན་པ་དགོན་ལ་ཁ་ཨོ་རྒྱན་རྣམ་གྲོལ་གླིང༽ཞེས་འབོད་པའི་སྔ་མའི་ཡ་གྱལ་རིག་འཛིན་རབ་འཕེལ་གླིང་ངམ་ཆུ་སྐྱེས་མཁའ་འགྲོའི་བྲོ་ར་རུ་འབོད་པའི་བསྟན་བདག་རླངས་རྒྱལ་བོ་བླ་མ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཚང་ཡིན། དེའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ།དེའི་སྤྲུལ་སྐུ་རིག་འཛིན་རྡོ་རྗེ་རྣམ་རྒྱལ་ཏེ་མཚན་གཞན་ལ་སྐུ་གཞོགས་རྒྱལ་བོ་ཡང་ཟེར། དེའི་སྲས་དགེ་འདུན་ཆོས་འཕེལ་ཡིན་པས་ཕའི་སྐྱེ་བརྒྱུད་ཀྱི་ངོས་ནས་གདུང་རྒྱུད་བཙུན་པར་བསྟན་ཡོད་པས་ན་དེ་ལྟར་བརྗོད།
གསུམ་པ་ནི། ཞབས་དཀར་སྐུ་ཕྲེང་གཉིས་པ་འཇིགས་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་རིག་འཛིན་རྣམ་རྒྱལ་འདི་ཐུགས་རིག་གཞན་དང་མི་འདྲ་བ་དང་། རྟགས་དང་རྟེན་འབྲེལ་སྣ་ཚོགས་ཀྱི་དབང་གིས་དབུས་ཀྱི་ཆོས་སྡེ་ཆེན་པོ་རྡོར་སྨིན་གཉིས་ལས་ཐུབ་བསྟན་རྡོ་རྗེ་བྲག་གི་བྱང་གཏེར་མངའ་བདག་རྡོ་བྲག་རིག་འཛིན་ཆེན་མོའི་ཡོངས་འཛིན་རྒྱལ་སྲས་སྤྲུལ་བའི་སྐུ་རྡོ་བྲག་མཁན་པོ་རིག་འཛིན་འཇིགས་མེད་བསོད་ནམས་རྣམ་རྒྱལ་གྱི་སྐུ་ཕྲེང་བརྒྱད་པ་ཡི་ཡང་སྤྲུལ་དུ་ངོས་འཛིན་ཡང་དག་གནང་སྟེ་རྟེན་འབྲེལ་ལྷ་དར་བཏེགས་ནས་ཁྲིར་བཞུགས་ཀྱི་མཛད་སྒོ་བསྐྱངས་པས་ན་དགེ་ཆོས་རང་གི་སྐུའི་སྐྱེ་རྒྱུད་ཀྱི་ཆ་ནས་གདུང་རྒྱུད་བཙུན་པར་བསྟན་ཡོད་ལ། དགེ་ཆོས་རིན་པོ་ཆེ་བཙོན་ལས་གྲོལ་བའི་ཚེ་ན་རྡོ་བྲག་རྒྱལ་སྲས་སྐལ་བཟང་རྣམ་རྒྱལ་གྱི་མདུན་ནས་བྱང་གཏེར་ཐིགས་སྒྲུབ་ཀྱི་དབང་ཞུས་པར་མ་ཟད། ངའི་སྐྱེ་བ་སྔོན་མ་དེ་རྡོ་བྲག་གི་སྤྲུལ་སྐུ་ཞིག་ཡིན་པ་རེད་ཅེས་དགེ་ཆོས་རང་ངོས་ནས་ཀྱང་རྡོ་རྗེའི་གསུང་གི་ཐ་ཚིག་བསྒྲགས་ཡོད་པ་རེད་ཅེས་པའོ།།
༢ཕལ་བའི་ཚུལ། ཞེས་པའི་ཚིག་གིས་སྤྱིར་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་དུ་བྱོན་པའི་དགོས་པ་བསྟན་པ་ལ་བྱ་བ་འབའ་ཞིག་གི་ཆེད་དུ་ཡིན་ཅིང་། དགེ་འདུན་ཆོས་འཕེལ་ཡང་ཚུལ་དེ་ལས་མ་འདས་པར་སྐུ་སྐྱེ་ཞིག་ཡིན་ན་ཡོན་ཏན་མ་བསླབས་པར་དཀོར་ལ་འབགས་ན་མི་རུང་བ་དང་། ཡོན་ཏན་སློབ་ན་མཚན་ཉིད་དང་ལྡན་པའི་བླ་མ་ཞིག་བསྟེན་ནས་མདོ་སྔགས་རིག་གནས་གང་ཡིན་ཡང་ཡ་བྲལ་དུ་མ་སོང་བར་སྦྱོང་དགོས་པ་ཐུགས་ཀྱི་དཀྱིལ་དུ་བསྣམས་ནས་ཇ་མར་ཐུད་གསུམ་དང་། དར་གོས་ཕྲུག་གསུམ།རྟ་ནོར་ལུག་གསུམ་འཛོམས་པའི་ཕ་ཁྱིམ་གྱི་འབྱོར་བ་ཡོད་ཚད་ཅམ་གྱིས་བསྐྱུར་ནས་འཇིག་རྟེན་གྱི་སྟོབས་འབྱོར་གྲགས་པ་མི་ཆེ་བ་དང་། ཟང་ཟིང་གི་དངོས་པོར་བདག་གིར་མི་བྱེད་པ།གྲྭ་སློབ་འབྱོར་ལྡན་མེད་པ།རྗེ་མི་ལ་ལྟར་སྐུ་ཆས་སྲབ་པར་བཞུགས་ཤིང་། སྐྱེ་སྤྲུལ་གྱི་མིང་སྐམ་རྒྱབ་ཏུ་བསྐྱུར།བློ་ཕུགས་ཆོས་ལ་གཏད་དེ་རྒྱལ་བའི་བཤའ་དྲི་མ་མེད་པ་དང་། རྒྱན་དྲུག་རྗེས་འབྲངས་དང་བཅས་པའི་གཞུང་བཟང་དག་ལ་ཐོས་བསམ་སྒོམ་པས་རྒྱལ་བསྟན་བཤད་སྒྲུབ་གཉིས་ཆར་ནས་སྐྱོང་བར་རྒྱལ་ཁམས་ཐམས་ཅད་ཞབས་ཐང་དུ་བསྐྱོད་ནས་མི་ཚེ་ཐོས་པ་ལ་བསྒྲིལ་བའི་སྐྱེས་བུ་འགྲན་ཟླ་བྲལ་བ་ཞིག་ཏུ་གྱུར་ནའང་། ད་དུང་དམན་པའི་ས་བཟུང་།ཧྲུལ་བོའི་གོས་གྱོན།ལྟོ་ངན་ངོན་ཙམ་ལ་བརྟེན་ནས་ཕྱིའི་ཆ་ལུགས་ལ་དོ་སྣང་ཡེ་མི་མཛད་པར་ཐོ་ཅོའི་སྤྱོད་པ་དང་ནག་ཆང་དུ་གསུམ་ལ་རོལ་བའི་གང་ཟག་ཕལ་བ་ལས་ཀྱང་ཕལ་བའི་ཚུལ་དུ་གནས་པས་ན་དེ་ལྟར་བརྗོད། ཅེས་པའོ།།
༣མཁོ་རྒུ་ཚང་བའི་དུས། ཞེས་པའི་ཚིག་ལ་ཧོར་ཁང་ཚང་གིས་བྲིས་པའི་རྣམ་ཐར་ཡང་ཞུན་གསེར་གྱི་ཐིགས་པ་རུ། མཁས་དབང་དགེ་འདུན་ཆོས་འཕེལ་མཁས་པའི་དབང་བོ་ཡིན་པ་མ་ཟད་གྲུབ་པའི་དབང་བོ་ཞིག་ཀྱང་ཡིན། ཞེས་དང་།ཡིད་བཞིན་ནོར་བུ་མཆོག་གིས།སྤྱི་བྱེའི་གནས་ཚུལ་ཁྲོད་ཕུགས་རྒྱང་རིང་བོའི་མནོ་བསམ་ཐོངས་པའི་ནུས་པ་བཅས་ཀྱི་ཆ་ནས་ཡར་ཐོན་པར་བགྲང་འོས་པའི་སྐྱེས་བུ་ཞིག་ཡིན། ཞེས་དང་།ཀིརྟི་སྤྲུལ་སྐུ་བློ་བཟང་བསྟན་འཛིན་གྱིས་རིས་མེད་ལ་དོན་དམ་པའི་དག་སྣང་ཡོད་མཁན་ཞིག་དང་། སྙིང་བོའི་ཆོས་ལ་སྤྱོད་ཅིང་སྦས་པའི་རྣལ་འབྱོར་བ་ཞིག་ཡིན།ཞེས་དང་། ཏྲེ་ཧོར་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས། རིག་པའི་གནས་ལ་མཁས་པར་སྦྱངས་ཤིང་།གཉིས་འཛིན་དབྱིངས་སུ་ཞིག་པའི་རྟོགས་ལྡན་མདོ་སྨད་པ་དགེ་འདུན་ཆོས་འཕེལ། ཞེས་དང་།དགེ་ཆོས་ཁོང་གིས་ཞལ་ནས་ཀྱང་།ངས་ལྟ་བའི་སྐོར་ལ་དཔྱད་པ་གཏོང་སྐབས་དཔྱད་བྱའི་ལྟ་བ་དེ་གྱང་ལྟ་བུ་ཞིག་ཡིན་ན་དེ་བརྟོལ་ནས་ཕར་ཐོན་ཏེ་སླར་ཡང་ཚུལ་བལྟས་ནས་དཔྱད་པ་བྱས་ཚར། ཞེས་དང་།ཕྲན་གྱི་ལས་བསྐོས་ནི་རྒྱལ་ཁམས་ཉུལ་ནས་མི་ཚེ་ཐོས་པ་ལ་བསྐྱལ་བ་ཞིག་ལགས། ཞེས་སོགས་གསུངས་ཡོད་པ་ལྟར་ན། དགེ་འདུན་ཆོས་འཕེལ་ནི་རྒྱལ་ཁམས་བསྐོར་ནས་མི་ཚེ་ཐོས་པ་ལ་བསྐྱལ་བའི་དྲང་བདེན་གཤིས་བཟང་གི་ཆོས་པ་རྣལ་མ་ཞིག་དང་། རྒྱལ་ཁམས་འགྲིམས་པའི་དབུ་བཙུགས་ཚུན་ནས་འདི་ཕྱི་གཉིས་སམ་རང་གཞན་སེམས་ཅན་ཐམས་ཅད་ལ་ཕན་བདེ་ལེགས་ཚོགས་མ་ལུས་པ་སྩོལ་བའི་སྐྱེས་བུ་སྟོབས་ལྡན་དུ་གྱུར་བའི་ཆ་ནས་མཁོ་རྒུ་ཚང་བའི་དུས་ཞེས་བསྔགས་པ་ལས། ཐོས་པའི་ཡོན་ཏན་ལ་བརྟེན་ནས་འཇིག་རྟེན་ཚེ་འདིའི་འཚོ་ཐབས་དང་བདེ་ཐབས་ལ་ཕན་པའི་རྒྱུ་ནོར་ལོངས་སྤྱོད་མང་བོ་འཛོམས་པ་བྱུང་བ་ལ་གཏན་ནས་གོ་རྒྱུ་མིན་པར་བཤད། ཅེས་པའོ།།
༤ སྤྲང་བོའི་དུས། ཞེས་པའི་ཚིག་གིས་ཡབ་བླ་མ་རྒྱལ་བོ་འཇིག་རྟེན་དང་བར་ཐག་རིང་བར་གྱུར། ཨ་མ་བ་ཏོ་གྲོང་ཡུལ་ལ་བསྙེགས།གཅེན་མོ་སྒོ་མེས་གཞིས་ཀ་བསྐྱངས།དགེ་ཆོས་སྤྲང་བོའི་ཆ་བྱད་ཀྱིས་གཉེན་གྲོགས་རྒྱུས་གསུམ་མེད་པའི་གཞན་ཡུལ་ལ་འཁྱམས་མགོ་བརྩམས་པ་ནས་བཟུང་བཞུགས་སའི་གནས་ཁང་དང་། སྤྱད་བྱའི་ནོར་རྫས་སོགས་ཅི་ཡང་མེད་པར་འུ་ཐུགས་ཐབས་ཟད་ཀྱིས་ཨ་མདོ་བླ་བྲང་དང་། ལྷ་ལྡན་འབྲས་སྤུངས།རྒྱ་གར་སོགས་སུ་བཞུགས་རིང་ལྟོ་གོས་ཀྱི་ཆེད་དུ་རི་མོ་སྣ་ཚོགས་བྲིས་ཏེ་འཚོ་བའི་དཀའ་ཁག་སེལ་ཐབས་ཀྱི་ཞོར་ལས་ཀྱང་མི་བྱེད་ཐུ་མེད་དུ་གྱུར་སྟབས། ཀུན་གྱིས་སྤྲང་བོ་དཔྱོད་ལྡན་དང་། ཨམ་ཕྲུག་སྤྲང་བོ། ཨ་མདོའི་མཁས་པ་སྙོམ་ཆུང་། བཙོན་པ་ཉམ་ཐག མཚོ་སྣ་བ་སུར་པན་འཚོང་མཁན་འདྲ་བོ་སྤྲང་བོ་ལ་ས་དཔྱད་མི་འོས། ཨ་མདོའི་སྤྲང་བོ་ཞིག་གིས་བྱ་རྒོད་ཕུང་བོའི་རི་ན་ས་ཁྱོན་གོམ་པས་གཞལ་གྱིན་ཡོད་ཅེས་སོགས་ཀྱིས་འབོད་པའི་ཐ་སྙད་ཀྱི་སྟེང་ནས་ཀྱང་ཕྱི་འབྱོར་བའི་སྟོབས་ཤུགས་མེད་པ་ཤེས་ཐུབ་པར་མ་ཟད། དགེ་ཆོས་ཁོང་གི་ཞལ་ནས་ཀྱང་། གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས།། རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས།། སྤྲང་བོའི་མི་ཚེའི་ལྕགས་སྨྱུག་ལྷན་ཅིག་ཏུ།། རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ།།ཞེས་གསུངས་པ་ལྟར་ཆོས་དང་མཐུན་པའི་ཁེར་རྐྱང་གི་སྐྱེས་བུ་ཁོང་གི་མི་ཚེ་ཧྲིལ་བོའི་འཚོ་བ་ཨ་སྐྱོ་བའི་ལས་སྐལ་ལ་བཅོལ་བའི་ཆ་ནས་དེ་ལྟར་བརྗོད། ཅེས་པའོ།།
༥བཙུན་པ་བཟང་ཤོས། ཞེས་པའི་ཚིག་གིས་འདུལ་ཁྲིམས་བསྲུང་བའི་དུས་དགུང་ལོ་བདུན་ནས་བཟུང་སྟེ་སོ་ལྔའི་བར་ཡིན་པ་བསྟན། དེ་ཡང་འཁོར་བ་ལ་སྐྱོ་ཤས་དང་ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་རིམ་བཞིན་རྣལ་འབྱོར་ཞབས་དཀར་བའི་གདན་ས་གཡའ་མ་བཀྲ་ཤིས་འཁྱིལ་དང་། ཞྭ་དམར་པཎྟི་ཏའི་གདན་ས་ངྷི་ཚ་བཀྲ་ཤིས་ཆོས་སྡིངས།ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ། དེ་ནས་དབུས་གཙང་ཆོས་ཀྱི་ཞིང་དུ་བྱོན་ནས་འབྲས་སྤུངས་ཀླུ་འབུམ་ཁམས་ཚན་སོགས་སུ་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་སློབ་གཉེར་ལ་ཤ་ཟད་རུས་ཟད་དུ་འབད་པས་ཀུན་གྱིས་མིག་ལྟོས་བྱེད་ཡུལ་དུ་གྱུར་བ་དང་། ཅང་མ་འགོར་བར་ཁོང་གི་རིགས་སྟོབས་ཀྱི་རྩལ་གྱིས་ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་པའི་མིང་རྟགས་ཀྱང་མ་བསྒོས་རང་ཐོབ་ཏུ་གྱུར་ཡོད་ལ། དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་གནས་ཆེན་ཁག་ལ་མཇལ་སྐོར་དང་།ཆེན་པོའི་རྣམ་ཐར་སྐྱོང་བའི་སྤྲོས་པ་ལ་ཐུགས་མི་སྤྲོ་བར་མིག་རྒྱང་བསྲིངས། ཡིད་རྒྱ་བསྐྱེད།ཁོང་སོ་གློད་པའི་མུར་འཇམ་དཔལ་མཚན་བརྗོད་དང་།སྒྲོལ་བསྟོད་གསོལ་འདེབས་རྒྱུན་གྱི་ཞལ་འདོན་དང་། མཚན་ཐོགས་ཐགས་རྣམས་སུ་གསང་སྔགས་རྫོགས་པ་ཆེན་པོ་ཉམས་ལེན་གྱི་མཐིལ་དུ་བཟུང་ནས་སངས་རྒྱས་ཀྱི་བསྟན་པ་བླ་ནས་བླ་རུ་འདེགས་པ་ལ་བཙུན་པ་བཟང་ཤོས་སུ་གྱུར་བའི་ཆ་ནས་དེ་ལྟར་བརྗོད། ཅེས་པའོ།།
༦ཁྱིམ་པ་སྡུག་ཤོས། ཞེས་པའི་ཚིག་གི་ཐད་ཀིརྟི་རིན་པོ་ཆེའི་དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ལས། ཁོང་གྲྭ་བ་ལོག་ས་རྒྱ་གར་དུ༼རྒྱ་གར་ཀུ་ལུ་ཞེས་པ་ཡིན་དགོས༽ལོག་པ་འདྲ། དགུང་ལོ་སོ་ལྔ་ནས་བཟུང་རྐྱེན་སྣ་ཚོགས་ཀྱི་དབང་གིས་རབ་བྱུང་གི་རྟགས་སྤངས་ནས་ཁྱིམ་པ་གོས་དཀར་གྱི་བརྟུལ་ཞུགས་བཟུང་བ་ཡིན། སྐུ་ཚེའི་སྨད་དུ་དགེ་འདུན་ཆོས་འཕེལ་ལ་ནག་ཉེས་མང་བོ་ཞིག་བཀལ་ཏེ་ཚ་འཇམ་གཉིས་ཀྱི་སྒོ་ནས་དྲི་བཞེས་ལན་འགའ་གནང་མཐར་དཀར་ནག་གི་ཐག་གཅོད་གང་ཡང་མ་མཛད་པར་ལོ་ངོ་གསུམ་གྱི་ཡུན་ལ་བཙོན་ཁང་དུ་བཀག་སྟེ་ཉེས་མེད་བཙོན་མའི་འཚོ་བ་མི་རོལ་ཐུ་མེད་དུ་གྱུར་བ་དང་། ར་ས་ཐང་གི་ཕྱག་སྦལ་ན་བཞུགས་དུས་དམ་པ་འདི་བས༼ག་རེ་གསུང་ན་མ་གསུང་ན་ངའི་པགས་པ་བཤུས་པ་ཡིན་ནའང་ང་ལ་གཞན་བཤད་ཡག་གང་ཡང་ཡོད་པ་མ་རེད༽ཅེས་སེམས་ལག་ཏུ་བཞག་ནས་སྐད་ཆ་ལྷུགས་པོར་བཤད་ཀྱང་། མ་བསམ་ས་ནས་ཡང་བསྐྱར་ཚ་འདྲི་དྲག་པོ་གནང་སྟེ་སྐུ་ལུས་ལ་རྟ་ལྕག་ལྔ་བཅུ་གཟེད་དགོས་བྱུང་། ད་དུང༼ང་རྒྱ་གར་གྱི་ས་ཆ་ག་ས་ག་ལ་ཕྱིན་ནས་བོད་ཀྱི་ཡི་གེ་རྙིང་བ་དེ་འདྲ་རེག་ཐབས་ཀྱི་ཐོག་ལ་དཀའ་ངལ་མང་བོ་བརྒྱབ་པ་ཡིན། ཁུངས་དག་པོ་དེ་འདྲ་ཁ་ཤས་ངོ་བཤུས་བརྒྱབ། བྲི་འོས་པ་དེ་ཚོ་བྲིས། ཐ་ན་ཐ་མག་གི་སྒམ་ཆུང་ཡན་ཆད་ལ་ཡི་གེ་བྲིས་ནས་མཐར་ཡིག་རིགས་གང་ལ་གང་འཚམས་རེག་ཡོད། དེ་འདྲ་ཡིན་ཙང་ངས་ག་རེ་བཞག་པ་དེར་ཁྱེད་རང་ཚོས་ཐུགས་ཞིབ་གནང་ནས་རང་འཇགས་བཞག་རོགས་གནང༽ཞེས་མི་དྲག་སྐུ་དྲག་དག་ལ་ཞུ་མཆིད་ལེགས་པར་ཕུལ་ན་ཡང་། དེ་དག་གི་གདུག་རྩུབ་ཀྱིས་ཐ་ན་རང་གི་བརྩམས་ཆོས་དག་ཀྱང་འཕྲོག་བཅོམ་བྱས་པར་མ་ཟད། ཧམ་སྤྱོད་ཀྱང་བྱས་ཡོད་པའི་གནས་སྟངས་སྐྱོ་བོ་ཞིག་གི་འོག་མི་འདོད་བཞིན་དུ་འཇིག་རྟེན་དང་བྲལ་དགོས་པའི་བརྙས་བཅོས་ཀྱང་མྱངས། བཙོན་ལས་གྲོལ་རྗེས་གར་བཞུགས་འདིར་སྤྱོད་ཀྱི་ངེས་གཏན་ཅི་ཡང་མེད་པར་སྤྲང་འཁྱམས་པའི་བརྟུལ་ཞུགས་དང་དུ་མི་བཞེས་ག་མེད་བྱུང་བའི་ཚེ་བོད་གཞུང་ནས་འབྲུ་དངུལ་གྱི་ཕོགས་དང་། བཞུགས་ཤག་བཅས་ཀྱི་མུག་སྐྱོབ་གནང་བའམ་བཀོད་སྒྲིག་བྱས་རྗེས་དཔེ་ཆ་ཐར་ཐོར་གྱིས་གཏམས་པའི་ལྕགས་སྒམ་ནག་པོ་གཅིག་མ་གཏོགས་རྒྱུ་རྫས་ཅི་ཡང་མེད་པའི་དགེ་འདུན་ཆོས་འཕེལ་གྱིས་ཁྱིམ་པ་སྡུག་པོའི་འཚོ་བར་བརྟེན་ཧོར་ཁང་སྲས་དང་སྐུ་ལྕམ་ཚེ་བརྟན་གཡུ་སྒྲོན་བཅས་ཀྱིས་གཉོར་སྐྱོང་བྱ་རྒྱུ་ལས་ཉེ་འབྲེལ་རྩ་ལག་གང་གིས་ཀྱང་མི་མཐོང་བའི་ངང་དུ་ལྷུང་བས་ན་དེ་ལྟར་བརྗོད། ཅེས་པའོ།།
༧སྐྱེ་བ་གཅིག་ལ་ལུས་རྟེན་མང་དུ་བརྗེས། ཞེས་པའི་ཚིག་གིས་དགེ་འདུན་ཆོས་འཕེལ་གྱིས་སྐྱེ་བ་གཅིག་ལ་ལུས་རྟེན་འདིའི་སྟེང་ནས་མ་ངེས་པའི་སྐྱིད་སྡུག་འདྲེས་མ་མང་དུ་མྱོང་བས་ན། དགེ་ཆོས་རིན་པོ་ཆེར་མཁས་གྲུབ་གཞན་དང་གཞན་གྱི་ཁྱད་ཆོས་ལྡན་ལ། གཞན་དང་གཞན་ལ་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཀྱང་ཡོད་པར་མ་ཟད། ཐན་འཇིག་རྟེན་རང་ག་བ་ཞིག་གིས་ཀྱང་བསམ་མ་མྱོང་བའི་སྡུག་བསྔལ་གྱི་ཞིང་ཁམས་མང་དུ་བརྒྱུད་མྱོང་བ་ཡིན་ནའང་གསེར་ས་ན་ཡོད་ཀྱང་འོད་ནམ་མཁའ་འཕྲོ་བའི་དཔེ་ལྟར། ཁོང་ལ་གནའ་ནས་རྒྱལ་ཁབ་ཁག་ཏུ་ཞིབ་འཇུག་གི་འཁོར་ལོ་བར་མེད་དུ་བསྐོར་ཞིང་། ཁོང་ནི་གནའ་ནས་ད་ལྟའི་བར་དུ་དབུས་གཙང་ཁམས་གསུམ་གྱི་མཁས་བླུན་སྟོང་ཕྲག་མང་བོའི་ཁ་ན་མ་ཎི་བཞིན་དུ་ཟློ་ཞིང་ཡིག་ངག་གཉིས་ཀྱི་ལམ་ན་རྫོགས་རྒྱུ་མེད་པའི་གཏམ་རྒྱུད་ཆེས་རིང་མོ་ཞིག་ཏུ་གྱུར་ཡོད་ཚོད་ལ་དཔག་ན། ཁྱེད་ནི་འཁྲུངས་པའི་ཉིན་མོ་ནས་འབར་འགོ་ཞུགས་ཤིང་། ཁྱེད་ནི་གཤེགས་ནས་ཀྱང་འབར་བཞིན་པ་འདི་ལ་བསམ་ཚེ། ཁྱེད་ནི་ཉམས་པ་མི་སྲིད་པའི་བསྐལ་བའི་ཚེ་འབར་ཞིག་ཀྱང་མིན་ལས་ཆེ་ཞེས་ཡང་ཡང་བསྔགས་པར་འདོད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10