ང་འདི་ལྟར་རྒས་མི་འདོད།

ཚེ་བརྟན་རྒྱལ་གྱིས།        2011-08-16

བྱམས་བརྩེའི་བདུད་རྩི་མངར་མོས་ལང་ཚོའི་ཁོ་ལག་གསོས་ཤིང་།སློབ་གསོའི་ཆུ་རྒྱུན་བསིལ་མས་ཚེ་སྲོག་བརླན་པ་བདག་གིས།ད་ནི་བགྲང་བྱ་བཅུ་གཉིས་ཀྱི་སློབ་གྲྭའི་འཚོ་བར་ཕྱིར་བལྟ་ཞིག་བྱས་ཏེ།རང་ཉིད་ཀྱི་སྟོན་ལྗོངས་མང་པོའི་ཡོང་འབབ་ལ་རགས་རྩིས་ཤིག་བརྒྱབ་ན།བཀའ་དྲིན་ཞུ་འོས་པ་ནི་ཕ་མ་དང་དགེ་རྒན་རེད་ལ།ལེ་བདའ་བྱེད་ས་ནི་རྣམ་གཡེང་གི་རང་གཤིས་བརྟན་པའི་ཁ་མེད་སྣ་མེད་ཀྱི་རང་ཉིད་རེད།ཡིན་ཡང་བྱིས་བློ་དང་དྭངས་གཙང་གིས་འཁྱིལ་བའི་འདས་ཟིན་པའི་ཁ་སང་གི་ཁ་དོག་གླེང་དོན་མེད་ལ་གླེང་རིན་ཡང་ཅི་ཡོད།མདུན་དུ་ལྷགས་བཞིན་པ་ནི་དེ་རིང་སྟེ།སྣེ་མང་རྙོག་འཛིང་གི་དེ་རིང་ནི་ཆུ་བོ་ཟམ་མེད་ཅིག་གི་བཞུར་རྒྱུན་ཡིན་པས།མག་མོག་གི་རབ་ཁ་འདི་ན་ཚུལ་འཆོས་ཀྱི་གྲུ་སྐྱ་ཐོགས་པའི་སྐྱེ་བོ་ཚོ།
     སྤྲིན་ཕུང་བཞིན་གསོག་གསོབ་ཀྱིས་བགྲོད་ཀྱིན་འདུག་ལ།ཤིང་སྐམ་ལྟར་རྒས་མི་འདོད།ཉིན་ཐོ་ཐིག་ཕྲེང་འགའ་ཡི་རང་ཚུགས་ཀྱི་ལེགས་སྐྱེས་མེད་པར།སྙིང་གཏམ་ཚིག་གསུམ་གྱི་དྲོད་ཁོལ་སྟོང་ནས།གུ་དོག་པའི་ཁོར་ཡུག་གི་རི་བྲག་དང་གོམ་པ་མཉམ་བགྲོད་ཀྱིས།མནོག་ཆུང་བའི་རང་དོན་དང་དཔུང་པ་མཉམ་གཤིབས་ངང་།འདར་ལྕུག་ལྕུག་གྲང་བསིལ་བསིལ།འཕྱ་སྨོད་ཁྲི་ཕྲག་རུམ་ལ་བཅུག་ནས།བརྣབ་སེམས་འབའ་ཞིག་ཞེ་ལ་བཅངས་ཏེ་ཤེས་མེད་ཚོར་མེད་ངང་།ང་རང་འདི་ལྟར་རྒས་མི་འདོད།སྒོར་གྱིས་འཇིག་རྟེན་གྱི་གཏན་ཚིགས་ཡོམ་ཞིང་།སྒོར་གྱིས་ཡིད་རྟོན་དང་མཛའ་གཅུགས་དགུམ་པའི་ལོ་ཟླ་འདི་རུ།གྲོགས་ཀྱི་བར་ན་ཕྱི་ཐག་ཐུང་ཞིང་།བྱིངས་ཀྱི་རྒྱུད་ན་སྤྱི་སེམས་ཀྱི་འདུ་ཤེས་ཉམ་ཆུང་བས།རྒྱུ་ནོར་ཁོ་ན་ཉིན་མཚན་དུས་དྲུག་གི་སྙིང་པོར་འཛིན་ཅིང་།དབྱར་དགུན་སྟོན་དཔྱིད་ཀྱི་ལོ་ལེགས་སུ་སེམས།
     རྒས་ཀྱིན་པའི་ས་སྲོད་མང་པོའི་རུམ་མཁར་ཉུལ་ན།རྒས་ངེས་པའི་རླུང་ཡན་འཁྱམས་པོའི་སྨྲེང་སྐྱོ་རེག་ཐུབ།ཉི་ནུབ་མཚམས་སུ།སྤྱི་ཚོགས་ཀྱི་བེམ་པོར་སྟེས་དབང་གིས་གྲུབ་པའི་སྲིན་བུ་ཚོས།དབུ་སྐྲ་རིང་པོ་ཁུར་ནས་ཆང་ཁ་ཉུལ་ཞིང་ལོ་སྐམ་པོ་བསྟན་ནས་དཔའ་སྐད་ཀྱང་འཐེན་ངེས།འདི་ལྟར་གོམ་པ་བླངས་ཤུལ་ན་རྐང་རྗེས་མེད་ཀྱང་ཁོ་ཚོ་གནམ་སྔོན་པོས་རྒྱལ་སར་བསྐོས་པ་ཡིན་པས།བུད་མེད་དང་།ཨ་རགཐ་མག་བཅས་སྐྱབས་གསུམ་གྱི་དབང་སྐལ་ཅི་ལ་མེད།ཉི་ཟླའི་འཆར་ནུབ་ཀྱི་གོ་རིམ་འཆོལ་ཡང་རང་ཉིད་ཀྱི་མོས་པ་ནི་ནམ་ཡང་བསླུ་མེད་ཡིན་པས་དེ་ལ་རྒྱབ་འགལ་ཐུབ་མཁན་སུ།དངོས་གནས་ཉི་མ་རེ་རེ་ར་རོ་བར་གྱུར་ནས་སྤྲོ་སྣང་གིས་རྒས་ཀྱིན་འདུག་པ་ནི།མི་ཚེ་འདིའི་བགྲོད་ཚུལ་དུ་རློམ་ན་ཡང་།ང་རང་ཁོང་སྟོང་གི་དམ་བུ་ཞིག་དང་འདྲ།
     “སྙན་ངག་པས་སྙན་གྲགས་ཀྱི་ཆེད་དུ་སྙན་ངག་རྩོམ་ཞིང་།སྒྲུང་གཏམ་པས་རྩོམ་ཡོན་གྱི་སླད་དུ་དཔྱད་བརྗོད་སྤེལ།”
     ……ལྡོམ་པོ་འགས་ཅི་འདོད་དུ་སྨྲ་ལ་བྱུང་རྒྱལ་དུ་ལབ་ཀྱིན།སྟབས་བདེ་བའི་ཁེ་གྲགས་རེ་བཏུ་བར་ཁ་ཕོ་རྐྱང་རྐྱང་གི་ཁུག་མ་ཆེན་པོ་ཞིག་བཏེགས་ཡོང་མོད།རྟག་མི་རྟག་གི་ལྟ་སྤྱོད་དེ་ལ་རིན་གོང་འོས་འཚམས་ཤིག་ཀྱང་གདམས་མི་ནུས་པར།སྙིང་རྗེའི་སྤྱན་ཟུང་ཟུམ་ནས་སྔར་བཞིན་ཤོ་རྒྱན་གྱི་གདུལ་བྱ་སྐྱོང་བས།ང་རང་དངོས་གནས་ཕྱག་རྒྱ་སྐམ་པོ་ཞིག་དང་མཉམ་དུ་རྒས་མི་འདོད།
     བརྩེ་བ་དང་ཡིད་རྟོན་གྱིས་གྲུབ་པའི་འཚོ་བ་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན་ལ།གཏན་ཚིགས་དང་དུང་ཞེན་གྱིས་འབར་བའི་ཕུགས་བསམ་ནི་འོད་སྣང་གི་འཇིག་རྟེན་ལགས་པས།མུན་ནག་ལ་ལག་སྙོབ་བྱེད་ཀྱིན་ང་རང་དངོས་གནས་རྒས་མི་འདོད།དངོས་གནས་རྒས་མི་འདོད།
  • ལེ་ཚན་སྔོན་མ།:ཕོ་ལོ་སུམ་ཅུའི་ཚོར་སྣང་།
  • ལེ་ཚན་རྗེས་མ།:དགེ་འདུན་ཆོས་འཕེལ་གྱི་མི་ཚེའི་སྡོམ་ཚིག