གངས་དཀར་གྱི་འཇིག་རྟེན།(2)

ཕག་མོ་དོན་གྲུབ་ཀྱིས།        2011-07-21


     གངས་དཀར་གྱི་འཇིག་རྟེན་།  ཁྱེད་ནི་ཞི་བདེ་ལྷིང་འཇགས་ཀྱི་ཡུལ་གྲུ་ཞིག་སྟེ།  ཁྱེད་ལ་ཕྱི་རོལ་ཏུ་བལྟ་བའི་མིག་ཟུང་མེད་ལ།  ཟླ་བའི་གོ་ལར་བསྐྱོད་པའི་རྫུ་འཕྲུལ་ཡང་མེད།  ལོ་རྒྱུས་ཀྱི་འཁོར་ལོས་བདེན་དཔང་བྱས་པ་ལྟར།  དེ་ནི་ཆེས་གདོད་མའི་འཇིག་རྟེན་ཞིག་རེད།
   རྨ་ཆུ་དང་འབྲི་ཆུ། ལོ་རྒྱུས་ཀྱི་བདེན་པ་དབྱངས་སུ་གྱེར་བའི་ལྐོག་གྱུར་གྱི་ལྷ་སྒྲུང་རིང་མོ།  ནམ་རྒྱུན་བྱུང་བརྗོད་ཀྱི་སྙན་ཚིག་ཚན་པ་གཅིག་དབྱངས་སུ་གྱེར་ཏེ་བདེ་སྡུག་གི་འཚོ་བའི་སྐྱུར་ཁ་གླེང་།  གནས་དེ་རུ།  མིག་ཆུའི་བྱུང་བ་ཡོད།  ཟུངས་ཁྲག་གི་ཤུལ་རྗེས་ཡོད།
        གངས་དཀར་གྱི་འཇིག་རྟེན།  ངའི་ཕ་ས་ཡིན་ལ།  ཁ་བ་དཀར་པོས་ང་ལ་མིག་འབྲས་བྱིན་པ་ནས་བཟུང་།  ངས་འཚོལ་སྙེག་གི་འདུན་པས་ཉིན་བྱེད་ཀྱི་བདེ་དྲོད་བཙལ་ཞིང་ཕུགས་འདུན་གྱི་དབྱངས་རྟས་མ་ཡུམ་གྱི་བརྩེ་བ་བཙལ།
     གངས་རིའི་ཚོགས་ཀྱིས་རེ་སྨོན་གྱི་མིག་ཟུང་གྲངས་མེད་འཚེར་ཞིང་།  ཁ་བའི་མེ་ཏོག་གིས་རང་བྱུང་གི་འབོད་སྐུལ་བསྒྲགས་བྱུང་།  ངས་ལག་ཟུང་གི་སྙིམ་པ་མཐོ་རུ་བཏེགས་ཏེ་མིག་ཆུ་མོད་པའི་ལོ་ཟླ་དེའི་སྐྱུར་ཁ་གླེང་བཞིན།  ལོ་རྒྱུས་ཀྱི་དེབ་ཐེར་ངོས་སུ་སྨྲེང་སྐྱོའི་གཏམ་རྒྱུད་གསར་པ་བྲིས།
     གངས་དཀར་གྱི་འཇིག་རྟེན།  གདོད་མའི་ལྷ་སྒྲུང་དང་གབ་ཚིག་གི་ཀློང་དུ།  ངའི་བྱུང་འདས་ཀྱི་རྨི་ལམ་ཡོད་ལ།  འཚོ་བ་གསར་པའི་རེ་འདུན་ཡང་ཡོད།
     ལོ་རྒྱུས་ཀྱི་འཁོར་ལོ་མུ་མཐུད་དུ་མདུན་ཕྱོགས་སུ་སྐྱོད་བཞིན་མཆིས།  དེང་འདིར།  གངས་རིའི་ཁུགས་པ་མང་པོ་ན།  སྨྲེང་སྐྱོའི་གཏམ་རྒྱུད་གྲངས་མེད་ཅིག    དུས་རབས་ཀྱི་གོམ་སྒྲས་རྒྱང་རིང་གི་ཕྱོགས་སུ་ཁྱེར།  ལོ་རྒྱུས་ཀྱི་ཆར་རླུང་དྲག་པོའི་ཁྲོད་དུ།  ཁ་བའི་མེ་ཏོག་གི་འཕུར་བསྐྱོད་དམ།  མེ་ཏོག་གངས་ལྷའི་སྲད་བུར་བརྒྱུས་པའི་སེམས་པ་དམར་པོ་དེ་ནམ་ཡང་འཇགས་མི་སྲིད་དོ།།
  • ལེ་ཚན་སྔོན་མ།:བུ་མོ་ཚེ་རིང་མཚོ་མོ།
  • ལེ་ཚན་རྗེས་མ།:ཉེ་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཁ་ཤས་གླེང་བ།