གངས་དཀར་གྱི་འཇིག་རྟེན།

ཕག་མོ་དོན་གྲུབ་ཀྱིས།        2011-07-21

ལོ་རྒྱུས་འཁོར་ལོ་མདུན་ཕྱོགས་སུ་བསྐྱོད་མགོ་ཚུགས་པ་ནས་བཟུང་།  ཁ་བའི་མེ་ཏོག་གི་འཕུར་བསྐྱོད་དམ།  ཡང་ན།  རང་བྱུང་ལྷུན་སྡུག་གི་གངས་རིའི་ཚོགས་ཀྱི་གཟི་སྟོབས་ཀྱིས་ཁྱེད་ལ་སྐྱེས་སྟོབས་ཀྱི་ཚེ་སྲོག་བསྩལ་ཅིང་།  མེ་ཏོག་གངས་ལྷའི་སྲད་བུར་བརྒྱུས་པའི་སེམས་པ་དམར་པོ་ཞིག་ཀྱང་གནས་འདི་རུ་འཕར་ལྡིང་བྱེད་མགོ་བརྩམས།
    ཡུམ་བུ་བླ་སྒང་གི་རྡོ་ཐེམ་མམ།  པོ་ཏ་ལའི་གཟི་བྱིན་གྱི་ལང་ཚོས་མི་ལོ་སྟོང་ཕྲག་སྔོན་གྱི་བྱུང་བ་དབྱངས་སུ་གྱེར།  གནས་དེ་རུ།  མེས་པོའི་མཛད་འཕྲིན་གྱི་ཞབས་རྗེས་ཡོད།  གཙུག་ལག་གི་རི་མོ་ཡོད།  ལོ་རྒྱུས་ཀྱི་རྡོ་རིང་ཡོད།  གངས་སེང་གི་ང་རོ་ཡོད།  གསེར་དངུལ་གྱི་གཏེར་ཁ་ཡོད།
   ཇོ་མོ་གླང་མའི་དབུ་རྩེ་མཐོ་ཞིང་།  ཡར་ཀླུ་གཙང་པོའི་བཞུར་རྒྱུན་རིང་།  མཚོ་སྔོན་པོའང་མ་ཕམ་གཡུ་མཚོ།  སུ་ཞིག་གི་མིག་ཆུའི་དོག་པ་ཇི་བཞིན།  ནམ་རྒྱུན་ཁྱེད་ཀྱི་བདེ་དྲོད་ཀྱི་ཕང་བ་རུ་འཁྱིལ་ཏེ་ལྷག་བསམ་གྱི་རང་མདངས་ཕྱི་རུ་མངོན།  ཁྱེད་ནི་སུས་ཀྱང་རེག་མ་མྱོང་བའི་རྐྱང་གཙང་གི་འཇིག་རྟེན་ཞིག་སྟེ།  ས་མཐོ་ཆུ་གཙང་འཇིག་རྟེན་སྲིད་པའི་རྒྱན།  མི་རྣམས་མཛད་བཟང་རྟ་ཕོའི་བང་ཁ་མྱུར།  གངས་དཀར་གྱི་འཇིག་རྟེན།  གནས་དེ་རུ་ཁ་བའི་མེ་ཏོག་གི་འདབ་མ་ལྷབ་ལྷུབ་ཏུ་གཡོ་ཞིང་།  ཡིག་དྲུག་གི་ཟློ་དབྱངས་སྙན་མོའི་འགྱུར་ཁུག་ཡི་གར་འོངས།  རླུང་རྟའི་འཕུར་སྐྱོད་ཀྱི་སྟངས་སྟབས་རང་དབང་གར་དུ་རྩེན།  དུས་བཞིའི་རེས་མོས་ཀྱི་འཕོ་འགྱུར་གྲངས་མེད་ཁྲོད།  ཁྱེད་ཀྱི་འཚོ་གཞེས་ལ་སུས་ཀྱང་ཐེ་གཏོགས་བྱས་མ་མྱོང་ལ།  དོ་སྣང་ཡང་བྱས་མ་མྱོང་།
  • ལེ་ཚན་སྔོན་མ།:བུ་མོ་ཚེ་རིང་མཚོ་མོ།
  • ལེ་ཚན་རྗེས་མ།:ཉེ་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཁ་ཤས་གླེང་བ།