བུ་མོ་ཚེ་རིང་མཚོ་མོ།

སི་བོད་ཡིག་སློབ་གྲྭ།(གདུགས་དཀར་གྱིས།)        2011-07-14

གླུ་བ་ཀུན་དགའ་ལགས་ཀྱི་མགྲིན་ལམ་ནས་ཐོན་པའི་དབྱངས་རྟ་དེ་ནི་ངའི་རྣ་ལམ་དུ་ལྡུག་པའི་ཀ་ར་བུ་རམ་ཞིག་སྟེ།  མངར་ལ་སྐྱུར་བའི་འདས་དོན་ཀྱི་གླིང་ཀ་དེ་རུ།  ཨུ་ཚུགས་ཀྱིས་ཐོབ་པའི་ཚེ་རིང་མཚོ་མོའི་ལག་འཇུ་དྲན་བྱུང་།
 

ཚེ་རིང་མཚོ་མོ།  ཕལ་ཆེར་ནམ་སྨད་ཀྱི་དུས་ཚོད་གཉིས་པ་ཡས་མས་ཤིག་སྟེ།  སེམས་ཅན་ཐམས་ཅད་གཉིད་དུ་ཡུར་བའི་སྐད་ཅིག་མ་དེ་རུ།  ངས་ཨུ་ཚུགས་ཀྱིས་བྲིས་པའི་རེ་འདུན་ཞུ་ཡིག་ངོས་གཙང་མ་དེའི་སྟེང་དུ་ཁྱོད་ཀྱིས་མིང་རྟགས་བཀོད་ཅིང་མཛུབ་ཐེལ་བརྒྱབ་བྱུང་བས།  དུས་དེ་ནས་བཟུང་ངས་ཁྱོད་ལ་མིང་འདོགས་གཞན་ཞིག་སྟེ།སྙིང་སྡུག་མ་ཞེས་པའི་ཐ་སྙད་འདི་བེད་སྤྱོད་བྱས་ནས་འབོད་རྒྱུ་བྱུང་།  དྲང་མོར་བཤད་ན་ངའི་སེམས་ཁོངས་ན་ཁྱོད་ནི་སྒྲོན་མེ་ལྟ་བུའི་འོད་ཅན་ཞིག་དང་།  མེ་ཏོག་ལྟ་བུའི་དྭངས་གཙང་ཞིག    ད་དུང་ལུས་དང་ལོངས་སྤྱོད་ལྟོས་མེད་དུ་འབུལ་སའི་དཀོན་མཆོག་གསུམ་པོའི་འཐུས་ཚབ་པ་ཡང་ཡིན་མོད།  ཁྱོད་ཀྱི་ནང་སེམས་པའི་གཏིང་རུམ་ན་ང་ལ་ཕྱོགས་པའི་བརྩེ་ཞེན་གྱི་མྱུ་གུ་རྡོག་གཅིག་ཀྱང་མེད་པ་ངས་གསལ་པོར་ཤེས་ཡོད།  འོན་ཀྱང་བརྩེ་བ་ནི་ལས་དབང་ལྟ་བུའི་བཙན་པོ་སུ་ཡིས་ཀྱང་འགོག་མི་ཐུབ་ལ།  ངན་སྔགས་ལྟ་བུའི་དྲག་པོ་གང་གིས་ཀྱང་སྒྲོལ་མི་ཐུབ་པས།  འཇིག་རྟེན་ཁམས་ཀྱི་བདག་གི་བའི་དངོས་པོ་ཁེར་མ་འདི་ཁ་བཏགས་ལྟ་བུའི་དྭངས་གཙང་གི་རྣམ་ཤེས་དང་ལྷན་དུ་ཁྱེད་ལ་ཕུལ་བ་ཡིན།

བུ་མོ་ཚེ་རིང་མཚོ་མོ།  ཁྱེད་ལ་དགའ་བའི་གཞས་ཤིག་ཡོད།
གྱེར་གྱིན་གྱེར་གྱིན་བར་མཚམས་འདིར་སླེབས་དུས།  ངས་ཡང་བསྐྱར་ཁྱོད་དྲན་བྱུང་།  ཁྱོད་དང་ལྷན་དུ་སྐྱིད་སྐྱིད་སྡུག་སྡུག་དང་དགའ་དགའ་སྐྱོ་སྐྱོའི་འགག་འཕྲེང་བརྒལ་བའི་གཏམ་རྒྱུད་མེད་ན་ཡང་།  རྣམ་ཤེས་ལ་དྲོད་སྐྱིད་སྟེར་བའི་བྱ་གཞག་ཉག་གཅིག་སྟེ།  ཕྱི་དྲོ་དེར་ཁྱེད་ཀྱིས་འཛུམ་བཞིན་བཏང་བའི་ལག་འཇུ་དང་།  དེ་ལྟག་རྒྱབ་ཀྱི་ཚོར་བ་དྲན་བྱུང་།  འོན་ཀྱང་ལག་འཇུ་དེ་ཡང་ཨུ་ཚུགས་ཀྱིས་ཐོབ་པ་ཞིག་སྟེ་ཀུན་གཞིའི་ཕྱི་རོལ་ནས་ཐོན་པའི་ཡན་ལག་གི་འདུ་འཕྲོད་ཙམ་ལས།  ཟུངས་ཁྲག་གིས་སྙིང་ཁམས་བརྒུལ་ནས་བྱུང་བའི་སེམས་ཀྱི་ལྷན་འཛོམས་ཤིག་ག་ལ་ཡིན།  རེད་དེ་ལག་པས་ལག་པར་རེག་པའི་བདེ་དྲོད་ཀྱི་ཚོར་བ་དེ་ནི་ནམ་ཡང་ངའི་དྲན་འཛིན་གྱི་སྐྱེད་ཚལ་ན་ལྷམ་མེར་བཞད་པའི་མེ་ཏོག་སེར་ཆེན་ཞིག་གམ་ཁྱོད་ཀྱིས་བདག་ལ་གནང་བའི་དྲན་རྟེན་གྱི་བྱེའུ་ཆུང་ཅོ་ཀ་དེ་ཡིན།

བུ་མོ་ཚེ་རིང་མཚོ་མོ།  ཁྱེད་ལ་དུངས་བའི་འཕྲིན་ཞིག་ཡོད།
དངོས་གནས་ལགས་ཏེ།  ངས་ཁྱེད་ལ་དུངས་བས་བྲིས་པའི་འཕྲིན་ཐུང་རེ་རེ་བཞིན་ཕྱི་མིག་གིས་ཀློག་ཚེ།  ཡང་བསྐྱར་ཁྱོད་དྲན་བྱུང་། དྲན་པ་དེ་རླུང་བུ་འཇམ་པོ་ཞིག་གི་རྒྱུ་བ་དང་ལྷན་དུ་ཡར་ཀླུང་གཙང་པོའི་རླབས་ཁུགས་སུ་ག་ལེར་འཛུལ་དུས།  ངས་ཁྱོད་རང་ངང་རྒྱུད་བཟང་བའི་གསེར་མིག་ལྟོ་དཀར་ཞིག་ཏུ་རྟོག་བཟོ་བྱས་ཡོད་ལ།  དྲན་པ་དེ་དཔྱིད་དཔལ་ལྷ་མོའི་མཛེས་སྡུག་དང་འགྲོགས་ནས་ལྗང་མདོག་གིས་འབུས་འོང་དུས།  ངས་ཁྱོད་རང་ལྷོ་ནས་ཕེབས་པའི་ཁུ་བྱུག་སྔོན་མོ་ཞིག་ལ་སེམས་ཀྱིས་བསྒོམས་ཡོད།  ཁ་པར་དང་རྩིས་འཁོར་ཀྱི་མཐེབ་གཞོང་བར་ནས་ངས་ཁྱོད་ལ་དགའ་ཞིང་ཁྱེད་ལ་དུངས་བའི་སེམས་གཏམ་མང་པོ་ཞིག་ཤུགས་ཀྱིས་བཙུར་ཡོད་ན་ཡང་།  གློ་བུར་བའི་འགལ་རྐྱེན་བར་ཆད་དེ་ཤུགས་དྲགས་པས་རྨི་ལམ་ནང་བྲིས་པའི་སྙན་ངག་གསོན་པོ་ཙམ་ལས་མི་ཡུལ་དུ་རིན་ཐང་དང་སྤྱོད་ཡུལ་རྩ་བ་ནས་མེད་པར་གྱུར་སོང་།

ཚེ་རིང་མཚོ་མོ།  སྨག་ནག་གིས་ཡོངས་སུ་གཏུམས་པའི་མཚན་མོ་དེར་ཁྱེད་ཀྱིས་ང་ལ་འོད་ཟེར་སྣ་མང་ཅན་གྱི་འཁྲུལ་ཤེས་ཞིག་བྱིན་པས།  ངའི་སྣང་བ་ཨ་སྔོན་ནམ་མཁའི་དབྱིངས་སུ་ཤེད་ཀྱིས་འཕུར་ན་ཡང་།  ལྷུ་ལག་མི་ཚང་བའི་གནམ་གྲུའམ།  གཤོག་པ་རྨས་པའི་འདབ་ཆགས་ཤིག་གིས་བར་སྣང་གཤགས་མི་ཐུབ་པ་བཞིན།  ང་རང་ཡང་སྤུ་ག་རེག་གཅོད་ཀྱི་སོ་ཁ་ནས་ཕྱིར་ལ་འཁོར་དགོས་བྱུང་།  ལས་དབང་ངམ་འགལ་རྐྱེན་གང་ཡིན་ཆ་མི་འཚལ་ས་ཞིག་ནས།  ཁྱོད་ཀྱིས་ངའི་སེམས་པ་ལ་ཁྲིམས་རྒྱུག་གཞུས་ནས་རྒྱང་ཕུད་བཏང་ན་ཡང་།  ས་དོག་མོ་དང་གནམ་སྔོན་པོའི་བར་གླགས་སུ་ངས་སྔར་བཞིན་ཁྱེད་རང་དཀོན་མཆོག་ཏུ་བསྒོམས་ནས་རེ་ལྟོས་ཀྱི་མིག་ཟུང་ཀེམ་མེར་ཅེར་ཡོད།

ཚེ་རིང་མཚོ་མོ།
དྲང་མོར་བཤད་ན།  ང་ལ་དག་ཞིང་གི་ལོངས་སྤྱོད་མེད་ཅིང་།  སྒོར་མོའི་ཡོང་འབབས་ཀྱངག་ཆུང་བས།ཁྱེད་ཀྱི་ནག་ནོག་མེད་པའི་དྭངས་གཙང་གི་སེམས་པ་དེའི་ཕ་གཞིས་མི་ཉན་པ་མངོན་གསལ་ཡིན་མོད།  འདྲེ་འདུལ་བས་དམ་ལ་མ་ཐོགས་ཤིང་།  ཚན་རིག་པས་མཐོང་ཐབས་མ་བྱུང་བའི་རྣམ་ཤེས་འདིས།  ནམ་ཡང་ཁྱོད་ཀྱི་གྲིབ་གཟུགས་ལ་བསྙེགས་ནས་ཤོར་འགྲོ་གིན་འདུག
  • ལེ་ཚན་སྔོན་མ།:ཨ་མ་ལགས། ཁྱེད་ཉིད་ཁྲི་ལོར་ཤོག
  • ལེ་ཚན་རྗེས་མ།:གངས་དཀར་གྱི་འཇིག་རྟེན།