ཨ་མ་ལགས། ཁྱེད་ཉིད་ཁྲི་ལོར་ཤོག

རྟ་མགྲིན་སྐྱབས་ཀྱིས།        2011-07-14

མོ་ལོ་ཉེར་བརྒྱད་སྔོན་གྱི་དེ་རིང་།  བདག་གི་ལྟེ་ཁྲག་དྲོན་མོ་རྩྭ་ཐང་འདིར་གཏོར་ཚེ་སྲོག་གི་མེ་ལྕེ་དམར་པོ་སྦྲ་ནག་འདིར་སྤར་མགོ་བརྩམས་དུས།  ཁྱེད་ཀྱིས་ན་ཟུག་དང་རེ་ལྟོས་ཀྱི་འཕག་འཚག་ཅི་ཙམ་བྱས་པ་སུས་ཀྱང་བརྗོད་མ་མྱོང་ཡང་།  བུ་ཕྲུག་དམར་འབྱར་ཞིག་གི་ངུ་སྐད་ཐོག་མས་གསེར་ལུང་སྡེ་འདབས་ཀྱི་སྐྱ་རེངས་བསུ་སྐབས།  ཁྱེད་ལ་ཡིད་ཆེས་དང་སྤོབས་སེམས་ཅི་ཙམ་འཁྲུངས་པ་ཨ་ནེས་གླེང་མྱོང་།  ཨ་མ།  གནག་དཀའ་བའི་ཟུག་གཟེར་ལས་བདག་ལ་དལ་འབྱོར་གྱི་ལུས་རྟེན་གནང་མཁན་གྱི་ཨ་མ་ལགས།  ཁྱེད་ཉིད་ཁྲི་ལོར་ཤོག
     ཨ་མ་ལགས།  ང་ཚོའི་ཆེད་དུ།  ཁྱེད་ཀྱིས་རླབས་ཆེན་གྱི་ཕུགས་འདུན་མཐོ་རུ་བཏེགས་པས་འཚོ་བའི་མངར་སྐྱུར་གྱི་རོ་བཅུད་ལྷས་འདབས་ནས་མྱངས་ཏེ་འཇོ་སྒེག་གི་ལང་ཚོའི་ལྕི་འདམ་ནང་རྒས།  དགུན་ཁ་བའི་འཇབ་རྒོལ་གདོང་གིས་བསུས་ཏེ་དབྱར་ཆར་ཆུའི་བྲོ་བ་ཟས་སུ་བསྒོམས།
ད་དུང་དྲོད་གྲང་གི་འགྱུར་བག་རྒོད་ཅིང་ང་ལ་གཉིད་མ་ཁུགས་པའི་མཚན་གཞུང་རེ་རེར་ཁྱེད་ཀྱིས་འཆད་མྱོང་བའི“ར་མ་གྲོ་རིས་མ་ལྷ་སར་སོང་བའི”གཏམ་རྒྱུད།“ཨ་མཚར་མཚར་དགུ”།“ཨ་མེད་མེད་དགུ”སོགས་ད་ལྟ་ཡང་བདག་གི་རྣ་ལམ་ན་གསལ་ལྷང་ལྷང་།  ཨེ་མ།  བཟོད་དཀའ་བའི་གྲང་ངར་ཁྲོད་ང་ལ་དྲོད་ཁོལ་སྦྱིན་མཁན་གྱི་ཨ་མ་ལགས།  ཁྱེད་ཉིད་ཁྲོ་ལོར་ཤོག
   ནངས་མོ་འདིར་ཁ་བ་སྔར་ལས་མཐུག   གངས་ཐང་དང་རི་ལུང་དུ་ཨ་མའི་ཞབས་རྗེས་བར་མེད་གྲང་ཤུར་ཤུར།  ངས་ཨ་མའི་སྐུ་གཟུགས་ཧྲིལ་པོར་ཞིབ་ལྟ་བྱེད་དུས་ཨ་མའི་སྐྲ་ཚོགས་ལ་ཁ་བས་དཔུང་འཇུག་ཐེབས་ལ་ཨ་མའི་ཞལ་ཁྱིམ་ན་རྒས་གཉེར་སྔར་ལས་ཟབ།
མིན།  ཨ་མ་རྒས་མི་སྲིད།  ཨ་མ་ལགས།  ཁྱེར་ཉིད་གཏན་དུ་ཁྲི་ལོར་ཤོག    ཁྲི་ལོ་ནས་ཁྲི་ལོར་ཡོང་བར་སྨོན།
  • ལེ་ཚན་སྔོན་མ།:ཨ་མ་དྲིན་མོ་ཆེ།
  • ལེ་ཚན་རྗེས་མ།:བུ་མོ་ཚེ་རིང་མཚོ་མོ།