ཨ་མ་དྲིན་མོ་ཆེ།

འབྲུག་ཐར་རྒྱལ།        2011-07-05

བརྩེ་སེམས་མཚོ་མོ་ལས་ཟབ་ཅིང་བཀའ་དྲིན་རི་རབ་ལས་མཐོ་ལ།ལྷག་བསམ་ཁ་བ་ལས་དཀར་ཞིང་སེམས་རྒྱ་ནམ་མཁའ་ལས་ཡངས་པའི་བྱམས་ལྡན་གྱི་ཨ་མ་དྲིན་མོ་ཆེ་ལགས།ཁྱེད་ཀྱིས་བདག་ལ་མི་ལུས་རིན་ཆེན་ཀྱི་ཚེ་སྲོག་གནང་བ་ནས་བཟུང་།ང་རང་ཐེངས་དང་པོར་འཇིག་རྟེན་དཀར་ངོགས་ཀྱི་ཡུལ་ལ་བསླེབས་ཤིང་མི་ཚེའི་སྐྱིད་སྡུག་གི་བྲོ་བ་རེ་རེ་བཞིན་དུ་མྱངས།ལོ་ཟླའི་འགྱུར་བག་གི་རྐྱེན་གྱིས་ངའི་བྱམས་ལྡན་གྱི་ཨ་མ་དྲིན་མོ་ཆེའི་གདོང་ལ་གསུབ་མེད་ཀྱི་རྒས་གཉེར་བབས་ཤིང་མཛེས་སྡུག་གི་ལང་ཚོ་རྙིད།ཡིན་ནའང་།ཨ་མ་དྲིན་མོ་ཆེ་ལགས།ཁྱེད་ཀྱི་བློ་མ་ཕམ།ཡིད་མ་ཆད།གངས་དཀར་པོ་ཁྱེད་ཀྱི་བླ་རི་ཡིན་ལ།སྤང་སྔོན་མོ་ཁྱེད་ཀྱི་གདན་ས་ཡིན།ཨ་མ་དྲིན་མོ་ཆེ་ལགས།ཁྱེད་ཀྱིས་ངའི་དོན་དུ་ཉིན་མཚན་རེས་མོས་སུ་སེམས་ཚེགས་ཀྱིས་བསྐྱལ་པས།བདེ་བའི་གཉིད་ཁུགས་མ་མྱོང་ཞིང་ཞིམ་པའི་ཟས་ཟོམ་མ་མྱོང་བར་མ་ཟད།ཡག་པོའི་གོས་ཀྱང་གྱོན་མ་མྱོང་།ཁྱེད་ཀྱིས་ང་རང་བྲང་འོ་མའི་ཞིམ་མངར་བཅུད་ཀྱིས་གསོས་ཤིང་།མཚན་མོར་སེམས་དང་ཉིན་དཀར་མིག་གིས་བསྐྱངས།དེ་ལྟར་ངའི་ཚེ་སྲོག་གི་ས་བོན་ཁྱེད་ཀྱི་མངལ་ལས་འབུས་ཤིང་།སྐྱེས་གཟུགས་ཀྱི་ལང་ཚོ་ཁྱེད་ཀྱི་པང་ནས་རྒྱས།
 ཨ་མ་དྲིན་མོ་ཆེ་ལགས།སྐྱ་རེངས་ལྷ་མོའི་འཛུམ་ཟེར་མཁའ་ལས་འཕྲོག་ཤིང་དྲོད་འཇམ་གྱི་འོད་ཟེར་ཕྱོགས་བཞིར་ཁྱབ་དུས།ངས་ཁྱེད་ཀྱི་བརྩེ་བ་མངར་མོའི་དྲོད་ཤ་དྲན་བྱུང་།རྒྱ་རྫོང་ནགས་ཀྱི་ཁུ་བྱུག་གྲག་དུས།ངས་ཁྱེད་ཀྱིས་གནང་བའི་དུངས་སེམས་འདྲེས་མའི་བསླབ་བྱ་དྲན་བྱུང་།ཨ་མ་དྲིན་མོ་ཆེ་ལགས།གྱེས་བྲལ་གྱི་ལོ་ཟླ་རིང་མོའི་ཁྲོད་དྲན་གདུང་གི་མིག་ཆུ་དྲོན་མོས་སྔས་འབོལ་བརླན་པ་ཐེངས་གཅིག་མིན།ཨ་མ་དྲིན་མོ་ཆེ་ལགས།ངའི་ཤ་ཁྲག་གི་ཕུང་པོ་སྐྲུན་མཁན་གྱི་ཨ་མ་དྲིན་མོ་ཆེ་ལགས།ཚེ་སྲོག་གི་གསེར་སྐུད་སྲུང་བའི་ཨ་མ་དྲིན་ཆེ།འོད་ཟེར་གྱི་ལམ་བུ་བསྐྲུན་པའི་ཨ་མ་དྲིན་མོ་ཆེ།ཁྱེད་ནི་ངའི་སྙིང་ཁ་ན་དྲོད་ཀྱིས་འཛུམ་ཞིང་རྨི་ལམ་ན་ལྷོད་ཀྱིས་རྒྱུ་བའི་སྐར་མ་འོད་ཆེན་དེ་ལགས།
  • ལེ་ཚན་སྔོན་མ།:བོད་ཀྱི་གཞས་པའི་སྡེ་ལ་འཁྱུག་ཙམ་ལྟ་བ།
  • ལེ་ཚན་རྗེས་མ།:ཨ་མ་ལགས། ཁྱེད་ཉིད་ཁྲི་ལོར་ཤོག