མར་མེའི་འོད་སྣང་།

སྙིང་མོ་མཁར།        2016-07-05

དབྱངས་གསལ་སོ་བཞི་དལ་གྱིས་ཀློག་ཤེས་པ་ནས་བཟུང་། ངས་སྨག་རུམ་གྱིས་ཡོངས་སུ་བསྒྲིབས་པའི་ལམ་སྣེ་ཞིག་ཏུ་ལག་སྙོབ་བྱེད་བཞིན་མི་ཚེ་འདིའི་བགྲོད་ལམ་གསར་བ་ཞིག་ལ་བགྲོད་འགོ་བརྩམས། ཡིན་ནའང་། སྟུག་ཅིང་ནག་པའི་སྨག་རུམ་ལ་སྙིང་རྗེ་ཏིལ་འབྲུ་ཙམ་ཡང་མེད་པར་ངའི་གོམ་པའི་འདེགས་འཇོག་ཅིག་ཅར་བསྡམས། དུས་དེར་ང་རང་ཉམ་ཐག་བག་འཁུམས་སུ་ལུས། འོན་ཀྱང་། འོད་སྣང་གི་མེ་ལྕེ་མཁའ་ལ་འཕྱུར་བའི་མར་མེས་འཇམ་ཞིང་བྱམས་པའི་གདངས་ཀྱིས་ང་ལ་སེམས་མ་སྐྱོ། བློ་མ་ཕམ། ངས་ཁྱོད་ལ་རོགས་རམ་བྱེད་ཐུབ་ཅེས་ཟེར་བཞིན་རང་ལུས་ཤ་ཁྲག་གི་ཟེགས་མ་རེ་རེ་ངའི་ཁོར་ཡུག་ཏུ་གཏོར་ནས་མུན་པའི་སྨག་རུམ་མཐའ་དག་རྡུལ་དུ་བརླགས་པས་ང་རང་རྨོངས་པའི་སྨག་རུམ་ལས་བསྐྱབས། དུས་དེ་ནས་བཟུང་། ང་རང་མར་མེའི་འོད་སྣང་གི་གཟི་བྱིན་འོག་ཀྱག་ཀྱོག་གི་ལམ་སྣེ་དེའི་ཕ་མཐར་བསྐྱོད་འགོ་བརྩམས་མོད། འོན་ཀྱང་མར་མེ་ཁྱོད་རང་……།
ལྷམ་མེར་འཕྲོ་བའི་མར་མེའི་འོད་སྣང་ལགས། ཁྱེད་ཀྱིས་ང་ལ་དཀར་གསལ་གྱི་ཁོར་ཡུག་བསྐྲུན་མྱོང་ལ། ང་ལ་ཞུམ་མེད་ཀྱི་སྙིང་སྟོབས་དང་། ཉམས་མེད་ཀྱི་བློ་གྲོས་ཀྱང་བསྩལ་མྱོང་བས། ང་རང་མི་ཚེ་འདིའི་ལམ་ཕྲན་སྟེང་དུ་གོམ་པའི་འདེགས་འཇོག་མཐོན་པོར་སྤོ་བར་ཡིད་ཆེས་ལྡན་པའི་མི་ཞིག་ཏུ་གྱུར།
འོད་སྣང་སྟོང་གིས་ཕྱུག་པའི་མར་མེ་ལགས། མུན་པའི་སྨག་རུམ་ཁྲོད་ན་འཕག་འཚག་དང་རང་ནུས་ཡོད་དགུ་འདོན་པའི་བུ་མོ་ང་ནི། ཁྱེད་ཀྱི་ལྷག་བསམ་དང་རྣམ་ཤེས་ཀྱི་དྲོད་ཁོལ་ལས་སྐྱེས་སྟོབས་རྒྱས་བ་ཡིན་པས། ངའི་སྙིང་ཁོང་ན་ལྷམ་མེར་འཚེར་བའི་རྩ་བའི་བླ་མ་ནི་རིན་ཆེན་མར་མེ་ཁྱེད་ཉིད་ཀྱི་འོད་སྣང་ཡིན་པས། ཁྱེད་ཉིད་ནམ་ཡང་ངའི་དྲན་གདུང་མེ་ལོང་ངོས་ཀྱི་བརྟན་པ་དབང་མེད་དུ་འཕྲོག་མཁན་ཡིན་ནོ༎
  • ལེ་ཚན་སྔོན་མ།:ང་ནི་སུ་ཡིན།
  • ལེ་ཚན་རྗེས་མ།:གསོ་ཐབས་མེད་པའི་རྨ་ཁ།