གསོ་ཐབས་མེད་པའི་རྨ་ཁ།

མེ་ཏོག        2016-08-01

སྤྱིར་རྨ་ཁ་ནི་སོས་ཐབས་མེད་པ་ཞིག་གཏན་ནས་མིན་ལ།རྨ་ཁ་དེ་ཚབས་ཆེན་ཡིན་མིན་གྱི་གནས་ཚུལ་ལ་བརྟག་ཏེ་སྨན་བཅོས་བྱ་ཆོགཡིན་ན་ཡང་ང་ཚོ་མི་དང་སྲོག་ཆགས་སོགས་འཚོ་སྡོད་བྱེད་ས་སའི་གོ་ལ་ཟླུམ་པོ་དེར་སྒེར་སེམས་ཀྱིས་བཟོས་པའི་རྨ་ཁ་ནི་ནམ་ཡང་སོས་ཐབས་མེད།
ལོ་ངོ་ཁྲི་ཕྲག་དུ་མའི་རིང་ལ་སའི་གོ་ལའི་སྟེང་དུ་ང་ཚོའི་མེས་པོའམ་ཡང་ན་མི་རབས་སྔོན་མས་བདག་བཟུང་དང་འཚོ་སྡོད་བྱས་ཡོད་ལ།ཁོ་ཚོའི་དུས་སྐབས་ཀྱི་སྤྱི་ཚོགས་དེ་རྙོག་འཛིང་ཅི་འདྲའི་ཆེ་རུང་ཁོ་ཚོས་ནམ་ཡང་རང་སྡོད་སའི་མུ་མཐའ་མེད་པའི་རྩྭ་ཐང་དང་བཞུར་རྒྱུན་རིང་བའི་ཆུ་བོ་སོགས་ལ་གནོད་འཚེ་ཐེབས་སུ་བཅུག་མ་མྱོང་།ད་དུང་རང་གི་ཚེ་སྲོག་གིས་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་ཀྱིན་ཡོད།དེ་ནི་ཁོ་ཚོ་རང་ཉིད་ཀྱི་ཚེ་སྲོག་ལ་ཞེ་འདང་མ་ཆེ་བས་གཏན་ནས་མིན།ཁོ་ཚོས་མིའི་འཚོ་སྡོད་ཀྱི་ཁེན་ས་གཙོ་བོ་ནི་གོ་ལ་ཟླུམ་རིལ་འདི་ཡིན་པར་ངོས་ཟིན་ཡོད་ཅིང་།རང་ཉིད་ཀྱི་ཚེ་སྲོག་གིས་ཀྱང་སྲུང་སྐྱོང་བྱས་ཡོད།གལ་ཏེ་ཁྱོད་ཀྱིས་འདི་ཙམ་ལའང་བསམ་བློ་གཏོང་མི་ཐུབ་ན་རང་ཉིད་མི་ཞིག་ཡིན་པའི་རིན་ཐང་བོར་སོང་བ་ཡིན་ལ།མིའི་ངལ་རྩོལ་གྱི་གྲུབ་འབྲས་ཀྱང་ཐལ་བར་བསྲེགས་པ་ཡིན།ད་དུང་རང་ཉིད་ཀྱིས་བཀུར་འོས་པའི་ཕ་མེས་ཡང་མེས་ལ་དམའ་འབེབ་བྱས་ཟིན།
མི་རབས་ཤིག་སྐྱེས་འགྲོ་མི་ཡི་མིང་དོན་དང་ལྡན་ན་སའི་གོ་ལའི་སྟེང་གི་སྐྱེས་ལྡན་བྱ་དངོས་དང་སྲོག་ཆགས་སོགས་ཀྱི་ཆེད་དུ་རང་ལས་གཞན་གཅེས་ཀྱི་བསམ་པ་ཞིག་ཡོད་དགོས།དེ་ལྟར་མ་བྱས་ཚེ།མི་རབས་ནས་མི་རབས་བརྒྱུད་དེ་ལོ་གང་མང་འགོར་བའི་རྗེས་ཀྱི་ང་ཚོའི་མི་རིགས་འདི།སྤྱི་ཚོགས་འཕེལ་འགྲོས་ཤིན་ཏུ་མགྱོགས་ནའང་།རང་ཉིད་འཚོ་སྡོད་བྱེད་སའི་གོ་ལར་ནམ་ཡང་སོས་མི་ཐུབ་པའི་རྨ་ཁ་ཞིག་བཏོད་ཡོད་པར་མ་ཟད།ཤེས་བཞིན་དུ་རང་བྱུང་ཁོར་ཡུག་གི་མཛེས་སྡུག་ལ་གཏོར་བརླག་དང་།ས་རྐོ་རྡོ་སློག་བྱེད་བཞིན་པའི་གདུག་རྩུབ་ལ་བཀག་འགོག་བྱེད་པའི་བསམ་པ་ཞིག་སྐྱེས་མ་མྱོང་ལ།ད་དུང་རྒན་རྒོན་དག་གིས་དེ་ལ་བསམ་འཆར་སོགས་བཏོན་པ་ན་བུ་ཕྲུག་དག་གིས་ཁྱོད་ཀྱིས་ཅི་ཤེས།ས་དང་རྡོ་སོགས་སློག་ན་ཁྱོད་ལུས་སྟེང་གི་ཤ་དང་རུས་པ་མེད་པར་འགྲོ་སྲིད་དམ།མི་དེ་དག་གིས་ང་ཚོ་ལ་སྒོར་མོ་གྱ་ནོམ་པ་སྟེར་བས་ཁྱོད་དགའ་ནི་བྱོས་ཞེས་རྒན་རྒོན་དག་ལ་སྡིགས་མོ་བྱས།
དོན་དངོས་སུ་བུ་ཕྲུག་ཁྱོད་ཚོས་ཕ་མ་ལ་དྲིས་པའི་འིིདྲི་བ་ཧ་ཅང་གནད་ལ་ཁེལ་ཡོད་དེ།མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ཐང་དང་དྭངས་ཤིང་གཙང་བའི་ཆུ་བོ་སོགས་ནི་རྒན་རྒོན་གྱི་མི་དག་ལ་མཚོན་ན་མི་བུ་ཁོ་རང་གྲུབ་བྱེད་ཀྱི་ཤ་དང་རུས་པ་ཡིན།དེའི་ཕྱིར།ཁོ་ཚོས་དེ་དག་ལ་གནོད་འཚེ་ཐེབས་ཀྱིན་ཡོད་པ་མཐོང་ནས་སེམས་ནས་ན་ཟུག་གིས་བཟོད་གྱིན་མེད་མོད།འོན་ཀྱང་།ཁོ་ཚོ་ལ་དབང་ཆ་མེད།རང་ཉིད་གཅིག་པུས་སྐྱོ་སྡུག་དེ་དང་དུ་ལེན་པ་ལས་ཐབས་གཞན་མེད་སོང་ལ།སའི་གོ་ལའི་རྨ་ཁ་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་ཡོད།
ད་ལྟ་འཛམ་གླིང་གི་གང་ས་གང་དུ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ལ།མུ་མཐའ་མེད་པའི་རྩྭ་ཐང་སོགས་རིམ་བཞིན་དུ་ཇེ་ཆུང་དང་ཇེ་ཆུང་དུ་འགྱུར་བཞིན་ཡོད།དེ་ལྟར་སོང་ན་ང་ཚོ་མི་དག་འཚོ་སྡོད་བྱེད་སའི་གནས་ཡོད་རུང་།སྲོག་ཆགས་སོགས་གང་དུ་འཚོ།གལ་ཏེ།སྲོག་ཆགས་དག་མེད་པར་འགྱུར་ཚེ།ང་ཚོ་ལ་ཕམ་ཁ་ཆེན་པོ་འབྱུང་སྲིད།དེའི་ཕྱིར་མི་ངན་དེ་དག་ལ་གང་འདོད་ཀྱིས་ང་ཚོ་ཚང་མ་འཚོ་སྡོད་བྱེད་སའི་གནས་ལ་གནོད་འཚེ་བྱེད་དུ་འཇུག་མི་རུང་།དེ་དག་ལ་སྲུང་སྐྱོབ་བྱེད་པ་ནི་ང་ཚོའི་འོས་འགན་རེད།
རྨས་ཟིན་པའི་རྨ་ཁ་རྙིང་བ་དག་ང་ཚོས་སོས་སུ་འཇུག་མི་ཐུབ་རུང་རྗེས་སུ་རྨ་ཁ་དེ་ཇེ་ཆེར་འགྲོ་རུ་མི་འཇུག་པ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན་ལ།དེ་ལྟར་བྱས་ན་རང་ཉིད་ཀྱི་ཚེ་སྲོག་ལ་རང་ཉིད་ཀྱིས་གཅེས་སྤྲས་བྱས་པ་མ་ཡིན་ནམ།

  • ལེ་ཚན་སྔོན་མ།:མར་མེའི་འོད་སྣང་།
  • ལེ་ཚན་རྗེས་མ།:རེ་སྨོན།