ང་ནི་སུ་ཡིན།

བཏང་སྙོམས།        2016-06-16

    ང་སུ་ཡིན།ང་ནི་ཅི་ཞིག་གི་ཆེད་དུ་འཚོ་དགོས་པ་ཡིན། ངས་འདི་ལྟར་རིག་གནས་ཤེས་བྱ་ཞིག་དཀའ་སྡུག་གིས་སྦྱངས་དོན་ཡང་དོན་ངོ་མར་ཅི་ཞིག་གི་ཆེད་དུ་ཡིན། འདྲི་རྟགས་མང་བོ་ཞིག་འཚང་ཁ་ཤིག་ཤིག་གིས་ངའི་གློ་སྙིང་མཆིན་གསུམ་དུ་ནམ་རྒྱུན་འཚང་ནས་འོངས་དུས། མེ་ལོང་གི་མདུན་དུ་དོན་ངོ་མར་ང་རང་སུ་ཡིན་པ་དངངས་སྐྲག་ཅིག་ཀྱང་བཅོས་མིན་དུ་སྐྱེས་བྱུང་། ནམ་རྒྱུན་ཕ་ཡུལ་ན་ཁེར་རྐྱང་གི་བསྡད་དུས་ཀྱང་ངས་འདི་ལྟར་དྲན་བྱུང་། སྤྱི་ཚོགས་ཀྱི་སོ་བར་ནས་ཉམ་ཆུང་གིས་འཚོ་དུས་ཀྱང་ངས་འདི་ལྟར་དྲན་བྱུང་། ཨ་མྱེས་ཀྱི་སློག་པ་གྱོན་ནས་ཨ་ཕའི་རལ་གྲི་བཟུང་དུས་ཀྱང་ངས་འདི་ལྟར་དྲན་བྱུང་། ཕ་ཡུལ་གྱི་རྩེད་ར་ནས་རྩམ་པ་བཟས་ཏེ་རྫ་ཆུ་བཏུང་དུས་ཀྱང་ངས་འདི་ལྟར་དྲན་བྱུང་།
    ང་ནི་ཀེང་རུས་ཀློང་དུ་སྐྲག་སྟེ་འགྲོ་མཁན་ཞིག་ཡིན།
    འགྲན་རྩོད་ཀྱི་དུས་རབས་གསར་བའི་ལམ་ཆེན་གྱི་འོད་ཟེར་སྟེང་དུ་ས་སྒང་རི་བོ་འདིའི་མི་རིགས་ཚང་མས་སྐད་དང་ཡི་གེ་སྙིང་ནས་བརྩེ་དུས། ང་ཡིས་ཉི་ཟླ་ལྟ་བུའི་གསེར་དུ་སྦྲུམ་པའི་སྐད་ཡིག་ལ་རྡོག་བརྫིས་གཏོང་གིན་འདུག ད་དུང་བརྩེ་བ་དང་ན་ཟུག ཁོག་དཔུང་དང་ལ་རྒྱ་ཟེར་བའི་རླབས་ཆེན་གྱི་ཡིག་འབྲུ་རེ་རེའང་འབོར་གྱིན་འདུག དམར་གསོད་དུ་གཏོང་བཞིན་པ་དང་ངའི་སྙིང་ལ་འཛེར་མ་རྡེབ་མཁན། ང་རང་གཅེར་བུར་དུ་གཏོང་གྱིན་པ་ནི་ང་རང་ཉིད་ཡིན།
    ང་ནི་མུན་པའི་གླིང་དུ་ཁ་རོག་གེར་འགྲོ་མཁན་དེ་ཡིན།
    ངས་ང་རང་འབོར་གྱིན་འདུག ཡབ་ཆེན་ལྟ་བུའི་རྩྭ་ཐང་སྔོན་པོ་དང་ཡུམ་ཆེན་ལྟ་བུའི་གཙང་ཆུ་སྔོན་པོ་འབོར་གྱིན་འདུག ངས་ཨ་ཁུ་ཚེ་རིང་ཚང་གི་སྒོ་ཁྱི་ལ་བོ་འབོར་གྱིན་འདུག ཨ་ནེ་མཚོ་མོ་ཚང་གི་སྦྲ་རོག་པོ་ཟེར་བ་ཞིག་ཀྱང་འབོར་གྱིན་འདུག ང་ཡིས་ཐུ་བྷོད་བཙན་རྒྱལ་གྱི་དཔའ་བོ་སྟག་སྒྲ་ཀླུ་ཁོངས་ཀྱང་འབོར་གྱིན་འདུག དགེ་ཆོས་སྨྱོན་པ་ཟེར་བའི་གྲྭ་ལོག་དང་རང་གྲོལ་ཆང་རྐྱལ་ཟེར་བའི་གསེར་བུ་ཞིག་ཀྱང་འབོར་གྱིན་འདུག ངའི་རྐང་དང་སྙིང་ལ་འཐིམས་པའི་རུས་དང་ཁྲག་ལ་སིམ་པའི་སྐད་ཡིག་སྐད་ཡིག་ཟེར་བའི་ཡབ་མེས་ཀྱི་རུས་རྐང་རྨ་མེད་ཅིག་འབོར་གྱིན་འདུག
    ང་ནི་དུར་ཁྲོད་གསེང་དུ་ཉམ་ཆུང་གིས་འགྲོ་མཁན་དེ་ཡིན།
    ང་ནི་ཀེང་རུས་ཀློང་དུ་སྐྲག་སྟེ་འགྲོ་མཁན་དེ་ཡིན།
    ང་ནི་མུན་པའི་གླིང་དུ་ཁ་རོག་གེར་འགྲོ་མཁན་དེ་ཡིན།

  • ལེ་ཚན་སྔོན་མ།:ང་ཚོས་བྱིས་པའི་དུས་ཆེན་རོལ་དགོས།
  • ལེ་ཚན་རྗེས་མ།:མར་མེའི་འོད་སྣང་།