ང་ཚོས་བྱིས་པའི་དུས་ཆེན་རོལ་དགོས།

གངས་བུ།        2016-06-14

སྤྱི་འཛམ་གླིང་ལ་དུས་ཆེན་མང་པོ་ཞིག་ཡོད་མོད། ཡིན་ནའང་དེ་དག་ཆ་ཚང་ང་ཚོས་རོལ་དགོས་པའི་ངེས་པར་མེད་དེ། ཀྲུང་གོ་བའི་ལྒང་ཞུ་དུས་ཆེན་དང་ནུབ་ཕྱོགས་པའི་རྫུན་གཏམ་དུས་ཆེན་ལྟ་བུ་ནི་ང་ཚོས་རོལ་སྲོལ་མེད་ལ་རོལ་ཡང་མི་དགོས། ཡིན་ཡང 6/1 བྱིས་པའི་དུས་ཆེན་ནི་ང་ཚོས་ངེས་པར་དུ་རོལ་དགོས། དེ་ནི་འཛམ་གླིང་མི་རིགས་ཡོངས་ཀྱིས་རོལ་གྱིན་ཡོད་ལ། ལྷག་ཏུ་ང་ཚོ་གངས་ཅན་པ་ཡིས་རོལ་དགོས། ང་ཚོའི་བྱིས་པ་དག་ལ་འཚོ་གནས་ཀྱི་དབང་ཆ་དང་བདེ་ཐང་གི་ཁེ་དབང་། སློབ་གསོ་མྱང་རྒྱུའི་དབང་ཆ་སོགས་ཡོད་པ་དཀོན་པས་ཡིན། ད་དུང་ས་ཆ་ལ་ལ་ཞིག་གི་སྙིང་ཉེ་བའི་ན་ཆུང་བྱིས་པ་ཚོར་དེ་དག་ལྟ་ཞོག མཐའ་ན་ཁ་ཙམ་ཡང་གྲག་དབང་མེད་པར་མི་ཚེ་གང་བོ་བཙོན་གནོན་དང་གནར་གཅོད་ཀྱི་འོག་ནས་འཚོ་བཞིན་ཡོད། འདི་ལྟ་བུའི་བྱིས་པ་ང་ཚོ་གངས་ཅན་པ་ལ་ཡོད་མ་མྱོང་ངམ།  དེ་ནི་མ་ཡིན་ཏེ་་་་་ང་ཚོའི་སྙིང་ཉེ་བའི་བྱིས་པ་མང་བ་ཞིག   མི་ཚེ་གང་བོ་བཙོན་མནན་དང་གནར་གཙོད་མྱོང་དགོས་བྱུང་བ་དག་ནི་ཁོ་བོས་འདི་ནས་མ་བཤད་ཀྱང་ཁྱེད་ཅག་གིས་མཁྱེན་བཞིན་ཡོད་མོད། ཡིན་ན་ཡང་། ད་དུང་ཡང་ང་ཚོའི་ཡུལ་གྲུ་ནས་བྱིས་པ་མང་པོ་ཞིག་དེ་བཞིན་གནར་གཅོད་མྱོང་གིན་འདུག  བྱིས་པ་འདི་དག་གི་ལས་དབང་ལ་སྔར་བཞིན་ཁ་ཡ་མི་བྱེད་པ་ཡིན་ནམ། ཡང་ན་གནར་གཅོད་མྱོང་དུ་འཇུག་པ་ཡིན། གངས་ཅན་པ་ཚོ། ང་ཚོར་སྲོག་ཆགས་ཡོངས་ལ་བྱམས་བརྩེས་ཕུར་ཚུགས་སུ་བལྟ་བའི་མིག་ཅིག་ཡོད་པ་དེས་བྱིས་པ་འདི་དག་མ་མཐོང་ངམ། ཡང་ན་ཐོབ་གོ་ས་དང་རང་གི་མཚན་སྙན་ལ་ལྟ་བའི་མིག་ལས་བྱིས་པ་འདི་ཚོ་ལྟ་བའི་མིག་མེད་པ་ཡིན།    
ཀྱེ་ཀྱེ་གངས་ཅན་པ་ཡ།
ང་ཚོས་དེ་དག་གི་ཆེད་དུ་བྱིས་པའི་དུས་ཆེན་རོལ་དགོས་ལ། ང་ཚོས་དེ་དག་གི་ཆེད་དུ་རང་དབང་བརྩོན་ལེན་བྱེད་དགོས།    དུས་ཆེན་འདི་ནི་བྱིས་པ་རེ་གཉིས་ཤིག་ལ་སྤྲོ་སྣང་སྟེར་པའི་ཆེད་ཙམ་མ་ཡིན་པར། འཛམ་གླིང་བྱིས་པ་ཡོངས་ལ་རང་དབང་དང་འདྲ་མཉམ་སྟེར་པའི་ཆེད་དུ་ཡིན།
སྤྱི་ལོ 1942 ལོ་ཟླ 6 པའི་ནང་འཇར་མན་གྱི་ས་ཁུལ་ཞིག་ནས་ལོག་སྤྱོད་པ་ཚོས་ས་ཆ་དེ་གའི་ལོ 16 ཡན་གྱི་སྐྱེས་པ་ཚང་མ་བསད་པ་དང་། ལོ 16 མན་གྱི་བྱིས་པ་ཚང་མ་བཙོན་དུ་བཅུག་ནས་ངན་གསོད་བྱས།
དེ་ནས་བཟུང་འཛམ་གླིང་གི་མི་མང་པོ་ཞིག་གིས་གནས་ཚུལ་དེ་ལ་སྙིང་ན་བ་དང་འགྱོད་སེམས་དང་ཕངས་སེམས་སྐྱེ་བ། ད་དུང་འཛམ་གླིང་མི་རིགས་སྤྱིའི་གོད་ཆགས་ཆེན་པོ་ཞིག་ཏུ་གྱུར་སོང་བར་གྲགས།
དེ་རྗེས  1949 ལོའི་ཟླ 11 པར།  རྒྱལ་སྤྱིའི་བུད་མེད་མཉམ་འབྲེལ་ཚོགས་པས་སྔོན་གྱི་སུའུ་ལན་རྒྱལ་ས་མའོ་སི་ཁའོ་ནས་ཚོགས་འདུ་འཚོགས་ཏེ། བྱིས་པ་ལ་དུག་འཚེ་དང་གནར་གཅོད་གཏོང་བ་ལ་ངོ་རྒོལ་བྱས་ནས། ལོ་རེའི་ཟླ 6 པའི་ཚེས 1 ཉིན་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གཏང་རྒྱུའི་བསམ་ཚུལ་བཏོན། དེའི་རྗེས་སུ་ལོ་རེའི་སྤྱི་ཟླ6པའི་ཚེས1ཉིན་རྒྱ་ཁབ་སོ་སོས་བྱིས་པའི་དུས་ཆེན་གཏོང་བའི་སྲོལ་བཙུགས་པ་ཞིག་ཡིན། དེ་བས་བྱམས་བརྩེའི་ཁྲག་རྒྱུན་ལུས་ན་ཐིམས་ཡོད་པའི་ང་དང་གངས་ཅན་པ་ཚོས་མི་རབས་གསར་བའི་ན་ཆུང་བྱིས་པ་རྣམས་ཀྱི་ཆེད་དུ་བཙོན་གནོན་པ་དང་ལོག་སྤྱོད་པ་ཚོ་ལ་ངོ་སྒོལ་བྱེད་དགོས་ལ་བྱིས་པའི་དུས་ཆེན་ཡང་དེ་དག་གི་ཆེད་དུ་རོལ་དགོས། 
  • ལེ་ཚན་སྔོན་མ།:ང་ནི་སུ་ཡིན།
  • ལེ་ཚན་རྗེས་མ།:ང་ནི་སུ་ཡིན།