གཟུར་མེད་ཀྱི་འགན་འཁྲི།

སངས་རྒྱས་སྐྱིད        2011-06-02

ཀྭ་ཡེ། ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་ཀྱི་སྤུན་ཟླ་ནམ་པ། སྐད་དང་ཡི་གེ་ནི་མི་རིགས་ཤིག་ལ་མཚོན་ན་རང་གི་བླ་སྲོག་དང་ཟུངས་ཁྲག་ལྟ་བུ་ཡིན་པ་ནི་བཤད་མ་དགོས་པ་ཞིག་ཡིན་མོད། འོན་ཀྱང་ད་ལྟའི་དུས་འདིར་ང་ཚོའི་བོད་རིགས་མང་ཤོས་ཤིག་གིས་རང་རིགས་ཀྱི་གཅེས་ནོར་ལྟ་བུའི་སྐད་དང་ཡི་གེ་འདོར་བཞིན་པའི་གནས་ཚུལ་མངོན་གསལ་རེད། དཔེར་ན། ཆུང་ས་ནས་བཤད་ན་ཡུལ་མི་རྣམས་ཀྱིས་རྒྱ་སྐད་བོད་སྐད་འདྲེས་མ་ཞིག་བཤད་བཞིན་ཡོད་པ་དང་། ཆེ་ས་ནས་བཤད་ན་བོད་ཡིག་ལ་མི་དགའ་ཞིང་བོད་སྐད་ལ་མི་དུངས་པ་གང་མང་ཞིག་གིས་རང་གི་སྐད་དང་ཡི་གེ་འདི་དོར་ནས་གཞན་སྐད་ལ་མོས་འདུན་བཅངས་བཞིན་པ་ནི་ངོ་མ་དོན་དག་ཚབས་ཆེན་ཞིག་ཡིན་ལ། བོད་ཡིག་བོད་སྐད་འདི་ཉམས་རྒུད་དུ་འགྲོ་བྱེད་ཀྱི་སྔོན་འགྲོའི་རྒྱུ་རྐྱེན་ཡང་ཡིན་པ་རེད།
     དེ་ཡང་།“སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན”ཞེན་པ་བཞིན། ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ནས་གཞན་རིགས་ཀྱི་རིག་གནས་སྦྱོང་བའི་ཞོར་དུ་རང་གི་ཕ་སྐད་ལ་སྲུང་སྐྱོབ་བྱ་དགོས། ང་ཚོ་སློབ་བུ་ཚོས་བོད་ཡིག་བོད་སྐད་འདི་ལ་སྦྱོང་བ་ལེགས་པོ་མ་བྱས་ན། མ་འོངས་པར་མི་རིགས་འདིའི་བདག་པོ་སུ་ཡིས་བྱེད། མ་འོངས་པར་མི་རིགས་འདིའི་རྒྱུན་འཛིན་པ་སུ་ལ་རེ།
     དེ་བས་ང་ཚོ་ཚང་མས་རང་མི་རིགས་ཀྱི་སྐད་དང་ཡི་གེ་འདི་ལ་མོས་གུས་དང་དགའ་ཞེན་ཆེན་པོ་བྱེད་པ་དང་། འབད་པ་བརྒྱ་ཕྲག་ལ་བརྟེན་ནས་རང་རིགས་ཀྱི་སྐད་དང་ཡེ་གེ་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུ་ནི་ང་ཚོ་བོད་རིགས་སློབ་བུ་དག་གི་ཕྲག་ཏུ་བབས་པའི་གཟུར་མེད་ཀྱི་འགན་འཁྲི་ཡིན་ནོ། །
  • ལེ་ཚན་སྔོན་མ།:གལ་ཆེན་རྣམ་གསུམ།
  • ལེ་ཚན་རྗེས་མ།:དྲེལ་གྱི་སྐྱིན་ཚབ།