གལ་ཆེན་རྣམ་གསུམ།

ཉག་རོང་།བསྟན་འཛིན་གྱིས།        2011-05-26

《ཚགས་པར》དང《དུས་དེབ》།《བོད་ཀྱི་རྡུང་ལེན་པ་གྲགས་ཅན།》
     གཅིགགནའ་སྔ་མོ་དང་བསྡུར་ན་དེང་སྐབས་ས་གནས་ཀུན་ལ་ཆ་འཕྲིན་གསལ་པོ་འཕྲོད་ཀྱིན་འདུགདེ་ནི《ཚགས་པར》གྱིས་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།འོན་ཀྱང་ད་དུང་མི་ཕལ་ཆེར་གྱིས་ཚགས་པར་ལ་མཐོང་ཆེན་བྱེད་ཀྱིན་མེད།ཚགས་པར་མིག་གིས་མཐོར་མ་ཐག་རྩིས་ངོས་སོགས་ལ་སྦྱར་བ་ལས་ལྟ་མཁན་ཧ་ཅང་དཀོན་མོ་རེད།དེས་ན་ཚགས་པར་ནི་ཤིན་ཏུ་མཐོང་ཆེན་བྱེད་དགོས་པའི་གནད་དོན་ཞིག་སྟེ།གནའ་རབས་མེས་པོ་རྣམས་པས་མཛད་རྗེས་སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་དང་།དེང་རབས་ཅན་གྱི་སྤྱི་ཚོགས་འགྱུར་ལྡོག་གི་ཁྲོད་དུ་མིའི་འགྲོ་ལུགས་སྡོད་སྟངས་སོགས་ཤེས་ཐུབ་པར་མ་ཟད།ད་དུང་འཕྲུལ་ཆ་གཏོང་མཁན་ཁ་ལོ་བ་བཅས་ལ་གཟབ་ནན་གྱིས་འཕྲུལ་ཆ་གཏོང་དགོས་པ་སོགས་ཀྱི་བདེ་འཇགས་ཐད་ནས་ཀྱང་ཆེས་ལེགས་པའི་བྱེད་ཐབས་བསྟན་པ་བཅས་ཕུལ་བྱུང་གི་དགེ་རྒན་ལྟ་བུ་ཞིག་རེད།དེས་མི་ཚད་འཛམ་གླིང་དང་རྒྱལ་ཁབ་ཕྱི་ནང་གི་མི་རིགས་སོ་སོའི་རིག་གནས་དར་ཚུལ་དང་འཕེལ་རྒྱས་བྱུང་ཚུལ་སོགས་ཀྱི་གནས་ཚུལ་དང་།ཐ་ན་ས་ཁུག་ལུང་ཀྱོག་གི་རོང་འབྲོག་ས་ཁུལ་ཀྱི་ཐོན་ལས་ཤེས་བྱ་དང་།ལེགས་ཉེས་དབྱེར་འབྱེད་ཀྱི་བྱ་བ་གལ་ཆེན་ཐམས་ཅད་ཚགས་པར་གྱི་སྟེང་ནས་ཆ་འཕྲིན་འབྱོར་བས་གོ་ཐུབ།དེ་བཞིན་ཕུན་སུམ་ཚོགས་པའི་བྱ་བཞག་རླབས་ཆེན་ཐམས་ཅད་ཀྱང་གསལ་ལ་འཇིག་རྟེན་འཁོར་བའི་ཁྲོད་དུ་བྱ་བ་སྣ་མང་གི་སྒོ་བརྒྱའི་འོད་སྟོང་འགྱེད་པའི་ལྡེ་མིག་མཆོག་གྱུར་ཅིག་ཀྱང་ཚགས་པར་འདི་རེད།དེར་བརྟེན་རང་རེས་བོད་ཡིག་ཚགས་པར་འདིར་མཐོང་ཆེན་དང་ནམ་རྒྱུན་ཚགས་པར་བལྟས་ཏེ་ཤེས་བྱ་གང་མང་ཞིག་ཤེས་རྟོགས་བྱུང་བར་བྱ་དགོས།
     གཉིས།དེ་ཡང《དུས་དེབ》ལས་དུས་ཀྱི་འགྱུར་ལྡོག་དྲག་རླུང་གིས་བདས་བཞིན་པའི་དེང་སྐབས་སྤྱི་ཚོགས་ཀྱི་ཁྲོད་དུ།རྒྱལ་ཁབ་དང་མི་རིགས་ཡུལ་ཁམས་བཅས་ཀྱི་གནའ་རབས་ཀྱི་ལོ་རྒྱུས་ཁུངས་བཙུན་ཇི་ལྟར་ཡོད་པ་དང་།མཁྱེན་དཔྱོད་ལྡན་པའི་མཁས་ཆེན་དུ་མ་ཇི་ལྟར་བྱོན་མྱངས་བ།དཔའ་འཛངས་བརྟུལ་ཕོད་དང་བློ་གྲོས་ཀྱི་སྒོ་རབ་ཏུ་ཡངས་པའི་མེས་པོ་གོང་མ་རྣམས་ཀྱིས་འཇིག་རྟེན་འདིར་མི་རིགས་གཞན་དང་འགྲོགས་ནས་མདུན་སྐྱོད་ཀྱི་འོད་ལམ་དཀར་པོ་ཇི་ལྟར་ཕྱེས་ཡོད་པ་དང་།རང་རིགས་ཀྱི་རླབས་ཆེ་བའི་གཟི་བརྗིད་ཅན་གྱི་རིག་གནས་ཆ་ཚང་བ་ཇི་ལྟར་ཡོད་ཚུལ།ཡུལ་སྲོལ་གོམས་གཤིས་ཇི་ལྟར་ཡོད་མྱོང་ཚུལ་སོགས་ཀྱི་འདས་པའི་བྱུང་བ་བརྗོད་པ་ལ་ཀུན་འདུས་མེ་ལོང་ལྟ་བུ་ཞིག་ཡིན་ལ།གོ་ལ་ཡང་རྩེར་སོན་པའི་དེང་རབས་ཅན་གྱི་གསར་བྱུང་གི་མཁས་པ་གྲགས་ཅན་གང་དག་ཡོད་པ་དང་དེ་རྣམས་ཀྱིས་མཛད་འཕྲིན་ཇི་ལྟར་བཞེས་བཞིན་པ།སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་ཚན་དཔལ་རིག་གསུམ་ཇི་ལྟར་དར་ཚུལ་སོགས་དུས་དེབ་ལས་ཤེས་བྱ་སྣ་མང་རྟོགས་ཐུབ།དེ་ཡང་གསར་བྱུང་གི་ན་གཞོན་ཕོ་མོ་ཚོས་ཀྱང་དུས་དེབ་རེ་ཕུད་ཅིང་སྤེལ་ནུས་ན།ཀུན་གྱིས་རིག་གནས་སྦྱོང་བ་ལ་དགའ་སྣང་སྟེར་བ་དང་ཡ་རབས་ཀྱི་ཆུ་ཚད་མཐོར་འགྲོ་བ་གདོད་མི་ཟ་སྟེ།རིག་གསར་ན་གཞོན་ཚོས་དུས་དེབ་སྤུས་ལེགས་རེ་སྤེལ་ཐུབ་ན་གངས་རིའི་རང་མདངས་མི་ཉམས་པའི་འབྲས་བཟང་པད་དཀར་བཞད་པའི་རྒྱུ་ཞིག་རེད་འདུག་སྙམ།
     གསུམ།དེང་དུས་རྡུང་ལེན་པ་ནི་ནམ་མཁའི་སྐར་ཚོགས་ལས་ཀྱང་བགྲང་ལས་འདས་པ་ཞིག་མང་ངོ་།དེ་དག་གིས་དབྱངས་དང་ཚིག་སོགས་ཀྱིས་འཚོ་བ་གསར་པར་རེ་སྨོན་དང་ཏང་གི་སྲིད་ཇུས་བཟང་པོར་བསྟོད་གླུ་གྱེར་བ་སོགས་ཧ་ཅང་སེམས་འགུལ་ཐེབས་ཤིང་གཅིག་ལས་གཅིག་སྙན་ཆ་ལྡན་པ་ཐོས་ཤིང་མཐོང་ལ།རྡུང་ལེན་པ་རྣམས་ཀྱིས་གཞན་ཕ་རོལ་པོའི་སེམས་ལ་དགའ་བ་དང་སྤྲོ་བ་སྟེར་ཅིང་།མི་རིགས་དང་རྒྱལ་ཁབ་ལ་ཞེན་པ་དང་བརྩེ་སེམས་བཅངས་པ་དག་ནི་མཆོག་ཏུ་བཀུར་འོས་པ་ཞིག་རེད།དེ་བཞིན་གླུ་བ་དང་གླུ་མ་ཚོས་བོད་རང་གི་ཁྱད་ཆོས་ལྡན་པའི་གླུ་ཚིག་དང་གྲེ་འགྱུར་སྙན་མོས་སྲོལ་རྒྱུན་གྱི་རིག་གནས་འདི་དག་འཛིན་སྐྱོང་སྤེལ་གསུམ་བྱ་བ་ལ་བརྩོན་པ་ཧུར་གྱིས་གཞོལ་ཅིང་།མུ་མཐུད་དུ་ཁྱད་ཆོས་ལྡན་པའི་ཟེར་སྡེར་གང་མང་སྤེལ་རྒྱུར་བཀའ་དྲིན་ཆེ་ཞུ།།
  • ལེ་ཚན་སྔོན་མ།:ཡུལ་སོ་སོའི་བུད་མེད་ཀྱི་སྤྱོད་པ་བཤད་པ།
  • ལེ་ཚན་རྗེས་མ།:གཟུར་མེད་ཀྱི་འགན་འཁྲི།