ཨ་མ་ལགས་ཁྱེད་ནི་མཛེས་མའི་ནང་གི་མཛེས་མ་ཡིན།

རོང་ཚ་ཐང་རྙེད་ཀྱིས།        2011-05-06

སྐུ་ལ་དར་དང་གོས་ཆེན་རིན་ཆེན་རྒྱན་གྱིས་སྤྲས་ཤིང་ཚངས་པའི་སྲས་མོ་གཉིས་མེད་པ་སྐྱེ་འགྲོ་ཀུན་གྱི་མིག་གི་དབང་པོ་འཕྲོག་ནུས་ལ།གསུང་ནི་དམ་ཆོས་བདུད་རྩིའི་རང་སྒྲས་ཉོན་མོངས་དུག་གསུམ་འཛོམས་པར་བྱེད།ཐུགས་ཀྱིས་འགྲོ་ཀུན་བུ་བཞིན་སྐྱོང་བའི་རྗེ་བཙུན་འཕཊ་མ་དཀར་མོ་དང་དབྱེ་མེད་ཀུན་ནས་མཆིས་པའི་བདག་གི་ཨ་མ་དྲིན་ཅན་ཉིད་མཛེས་མའི་ནང་གི་མཛེས་མ་སྟེ།འཇིག་རྟེན་གྲངས་མེད་བརྒལ་ཡང་ཁྱེད་ལས་མཛེས་མ་གཉིས་པ་ཞིག་ཉུག་ཀྱང་ངལ་བའི་རྒྱུ་ལས་ཅི་ཞིག་ཡོད།
     ཨ་མ་ལགས་ཁྱེད་ནི་ང་ལ་ཚེ་སྲོག་གནང་བའི་སྙིང་རྗེ་དང་ང་ཉིད་གསོ་སྐྱོང་མཁས་པའི་བྱམས་པ།བླང་དོར་ངོ་སྤྲོད་གནང་བའི་སློབ་དཔོན།མ་ལགས་ཁྱེད་ལ་སྐྱབས་སུ་མཆི་བ་ནས་བཟུང་།ང་ལ་དལ་བརྒྱད་འབྱོར་བཅུ་ལྡན་པའི་མི་ལུས་དང་བདེ་སྐྱིད་ལོངས་སུ་སྤྱོད་པའི་འཚོ་བ།དགའ་མགུ་ཡིད་སེམས་སྤྲོ་བའི་བདེ་སྐྱིད།བསོད་ནམས་དཔལ་ཡོན་དར་བའི་ཤེས་ཡོན།ཡོད་ཚད་ནས་ཡོད་ཚད་ཁྱེད་ཀྱིས་གནང་།མ་འོངས་སྦྲང་ལས་མངར་བའི་དྲིན་ཆེན་མ།མ་ལག་དར་ལས་འཇམ་པའི་དྲིན་ཆེན་མ།མ་པང་ཁྲི་ལས་བདེ་བའི་དྲིན་ཆེན་མ།མཛེས་མའི་ནང་གི་མཛེས་མ་དྲིན་ཆེན་མ།དྲིན་ཆེན་ཕ་མ་བདེ་བའི་བཀྲ་ཤིས་ཤོག
  • ལེ་ཚན་སྔོན་མ།:རྡོ་རིང་དང་མེ་ལོང་།
  • ལེ་ཚན་རྗེས་མ།:དགུན་ཟླའི་མཐོང་སྣང་།