དགུན་ཟླའི་མཐོང་སྣང་།

སྟག་རིག་འབྲུག་ཐར་གྱིས།        2011-05-06

ཉི་འོད་ཀྱི་བཀྲག་མདངས་དབུས་སུ།སྤྲིན་དང་དུ་ཞགས་ཀྱི་ཡོ་ལང་ཁྲོད་ན་ཡོད་ཚད་སྐྱ་ཐིང་ངེར་མངོན་པ་ནི་དགུན་ཟླ་རིང་མོའི་ཕ་ཡུལ་གྱི་སྤྱིའི་རྣམ་པ་རེད།སེར་ཐིག་ལྷུང་བའི་སྡོང་ལོའི་ཤག་སྒྲའི་ཁྲོད་ན་སྡེ་འདབས་ཀྱི་ཀྱ་ཀྱུའི་ཆུ་ཕྲན་ལ་གསོན་ཤུགས་ཉམས་ཤིང་འཁྱག་རོམ་གྱི་ཞགས་པ་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་དུག
     ལུས་ཡོངས་གོས་ལྭ་སེར་པོས་ཡུག་ཅིག་ཏུ་བཀླུབས་འདྲའི་སྣ་ཚོགས་ལྗོན་ཤིང་ནི་དགུན་གྱི་རྒྱལ་མོའི་མཆེ་བར་ན་བག་འཁུམས་ཤིང་གཉའ་ཀོང་ནས་མགོ་བོ་ཡོད་ཚད་ཐུར་དུ་དུད་དེ་མ་བཟོད་སྐྱོ་ངལ་གྱི་སྡུག་གླུ་ལྷགས་རླུང་གི་རམ་འདེགས་དང་སྦྱར་ནས་ཤུགས་ཀྱིས་གྱེར་བཞིན་གདའ།
     དགུན་ཟླའི་གྲང་ངར་གྱི་མདུང་ཁའི་རྩེ་ན་དཔལ་ཡིས་རྫོགས་པའི་སྔར་ཡོད་ཀྱི་ཕ་ཡུལ་འདིའི་མཛེས་སྡུག་གི་ལང་ཚོ་ཡོད་ཚད་རྨེག་མེད་དུ་བཅོམ་འདུག་པས།ཉམས་སྣང་གསར་པའི་ཐ་སྙད་ཏིལ་འབྲུ་ཙམ་ཡང་རྙེད་དཀའ་བས་སྐྱ་མདོག་གི་ལྗོན་ཚལ་དང་རི་རབ་ཀྱི་ཁོང་གསེབ་ན་ལྗིད་ཏིག་གེར་མཐོ་ཡེར་རེར་གྲག་མེད་འགུལ་མེད་དུ་མངོན་པ་ནི་སྡེ་བའི་དུད་ཁྱིམ་གྱི་ཕྱིའི་མཐོང་སྣང་རེད།
     ནམ་ཟླའི་འགྱུར་ལྡོག་གི་དབང་གིས་དགུན་ཁའི་ཉིན་རེ་འགར་བསྟུད་མར་རླུང་འཚུབ་དྲག་པོ་གཡུག་པ་སྟེ།རི་བོང་མཐའ་གཞོངས་དང་ལ་ལུང་རི་སུལ་གྱི་པང་བར་སྐབས་རེར་དྲག་ཏུ་རྒྱུ་བའི་ལྷགས་རླུང་གིས་མཁའ་དབྱིངས་ཧྲིལ་པོར་རྡུལ་ཉིལ་ལེར་གད་སྙིགས་ཀྱི་ཕུང་པོ་རེ་རེ་ཤོག་བྱ་བཞིན་ལྡིང་སྐོར་རྒྱག་ཏུ་འཇུག་པ་དང་།ཡང་རེ་འགར་བར་སྟོང་ཧྲིལ་པོར་བྱེ་ཟེགས་འདྲེས་མའི་ས་རྡུལ་གྱིས་གནམ་སའི་གོ་འབྱེད་ཀྱང་དཀའ་བའི་ཚོད་ལ་ཐུག་པས་སྡེ་བའི་ཕྱི་རོལ་གྱི་རྣམ་པས་མཐའ་དག་ལ་སྐྱི་གཡའ་ཞིང་འཇིགས་སྣང་སྟེར།
     ཉི་འོད་འཇམ་ཞིང་ནམ་ཟླ་དྲོ་བའི་དུས་སྐབས་སུ་བཞི་མདོའི་རྡོ་སྟེགས་ཀྱི་ག་ས་གང་ན་རྒན་དར་ཕོ་སྐྱེས་རྣམ་པས་དགུན་ཉི་མའི་དྲོད་ལ་ལྡེ་ནས་ཁུངས་ལུང་ཡོད་མེད་ཀྱི་མཚར་གཏམ་སྣ་ཚོགས་བྱུང་རྒྱལ་དུ་ལབ་ཅིང་།ལ་ལས་གོར་གོར་བའི་སྐྱིལ་གྲུང་ཞིག་བཅོས་ཏེ་མིག་མང་གི་རྩེད་འཇོའི་ཀློང་ན་མཚམས་རེར་པད་མའི་ཁ་ཕྱེ་བ་ལྟར་མགོ་བོ་ཕྱིར་བཀྱེད་དེ་ཧབ་ཆ་དིར་རེ་བྱེད་ཅིང་།ལན་རེར་གཟབ་ནན་གྱི་ཉམས་ཀྱིས་པད་དཀར་གྱི་གང་བུ་བཞིན་མགོ་བོ་མང་པོ་ནང་ཕྱོགས་མིག་མང་གི་ངོར་བསྐུམས་ཏེ་ཅི་ཞིག་ཐོབ་འདོད་ཀྱི་ངར་ཤུགས་ལྷང་ལྷང་མཆེད།
     ཁོ་ཚོའི་འཁྲིས་སུ་སློབ་ལོ་མ་རན་པའི་བྱིས་པ་སྐོར་ཅིག་གིས་ཀྱང་ཕན་ཚུན་བདའ་འདེད་སྐོར་གསུམ་བྱས་ནས་ས་ནག་རྡོ་ནང་ན་རྡོ་རིལ་བཞིན་འཕག་ར་འཕག་སྐོར་བྱེད་ཅིང་ཨག་རིང་ཨག་ཐུང་འདེབས་ཚོད་ལ་བལྟས་ན་འགན་ཁུར་མེད་ཅིང་རེ་སྙེག་མེད་པར་ཐོབ་ཤོར་གྱི་ཁྲོད་ན་དུས་ཚོད་འདའ་བ་ཤེས་ཐུབ།
     ཁོ་ཚོར་གནའ་ནས་བཟུང་ཡུལ་ལུང་འདིའི་སྔོན་བྱོན་ཕ་མེས་ཡང་མེས་རྣམས་ཀྱིས་སྤྲད་ཟིན་པ་ནི་བློ་གྲོས་ཀྱི་ཉིང་བཅུད་དང་ཞུམ་མེད་ཀྱི་སྙིང་སྟོབས།ལྷོད་མེད་ཀྱི་བརྩོན་པ་ལས་འཁྲུངས་པའི་འཛད་མེད་ཀྱི་རིག་གནས།གོམས་སྲོལ།སློབ་གསོ།དཔལ་འབྱོར་སོགས་བགྲང་ལས་འདས་པ་ཞིག་ཡིན་ནའང་།དུས་ད་ལྟ་ཡུལ་འདི་གའི་རྒན་དར་གཞོན་གསུམ་རྣམས་འོད་མེད་ཀྱི་སྒྲོན་མེ་བཞིན།ཕྱོགས་མེད་ཀྱི་རྩྭ་སྐྱ་བཞིན་བརྩོན་པའི་གོ་ཆ་མེད།དམིགས་པའི་ཁ་ཕྱོགས་དབེན་པར་འདི་ལྟར་བསྐྱོད་དང་སྐྱོད་བཞིན་པ་ཡིད་ངོར་བསམ་ཚེ།དགུན་ཟླ་ལྟ་བུའི་གྲང་འཁྱག་གི་དུས་ཡུན་ཞིག་ལུས་སེམས་གཉིས་ཀས་ནམ་ཡང་མྱོང་དགོས་པ་ཡི་རེ་མུག་ཨང་།
     ལོ་ངོ་འདི་གའི་རིང་ལ་ཕ་ཡུལ་གྱི་རྒན་དར་གཞོན་གསུམ་རྣམས་དགུན་ཟླ་བཞིན་མདངས་ཉམས་ཤིང་མདོག་བྲལ་བའི་སྐྱ་ཐིང་ཐིང་གི་ཁོར་ཡུག་འདིའི་ཁྲོད་ནས་ལྗང་མདོག་གི་འཇིག་རྟེན་ཞིག་རིག་མྱོང་མེད་ལ།མཛེས་སྡུག་ཁ་དོག་རྣམ་པར་བཀྲ་བའི་ཕ་ཡུལ་ཞིག་འཛུགས་སྐྲུན་བྱེད་རྒྱུར་ཡང་འཆར་གཞི་མེད་ཅིང་།ཕུགས་འདུན་ཟེར་བ་ཞིག་དེ་བས་ཀྱང་ག་ལ་ཡོད།
     ཕ་ཡུལ་སྔར་བས་ཕུགས་མེད་འདུན་མེད་ཀྱི་དུས་ཀྱི་འཁོར་སྐྱོད་ཀློང་ན་བརྗིད་ཆགས་སེར་གནས་ནའང་།ཕ་ཡུལ་འཛུགས་སྐྲུན་དང་དར་རྒྱས་ཀྱི་ཆེད་ལ་བློ་རིག་རྩེ་གཅིག་གིས་སྒྲིམ་དགོས་པའི་མི་བུ་ཇི་སྙེད་ཅིག་ད་དུང་རྨོངས་འཐོམས་ཀྱི་རྩེད་འཇོའི་ཡོ་ལང་ཁྲོད་ན་དུས་ཀྱི་འཇའ་ཚོན་ཁད་ཀྱིས་འདས་པ་ཚོར་ཐུབ་གིན་མེད་པ་འདྲ།
  • ལེ་ཚན་སྔོན་མ།:ཨ་མ་ལགས་ཁྱེད་ནི་མཛེས་མའི་ནང་གི་མཛེས་མ་ཡིན།
  • ལེ་ཚན་རྗེས་མ།:དོགས་པ་ཟ་བའི་མཇུག་འབྲས།