དོགས་པ་ཟ་བའི་མཇུག་འབྲས།

སྐལ་བཟང་ཐུབ་བསྟན་གྱིས།        2011-05-10

སྤྱིར་དོགས་པ་ནི་ཡུལ་གང་ཡང་རུང་བ་ལ་བློ་ཡིད་གཉིས་སུ་ཟ་བའི་སེམས་བྱུང་ཞིག་ལ་ཟེར་ཞིང་ཡིད་མི་ཆེས་པའི་རྟེན་བྱེད་པ་ཡིན།
དོགས་པའི་སེམས་བྱུང་རང་གཤིས་སུ་ཞུགས་པ་ཡིན་ན་ཕུང་བྱེད་ཀྱི་སྒོ་མོ་ཡང་ཕྱེ་བ་ཡིན།   འོག་ཏུ་བཤད་པའི་གནས་ཚུལ་འདི་ནི་ཁོ་བོའི་འགྲམ་དུ་དངོས་སུ་བྱུང་མྱོང་བའི་དོན་རྐྱེན་ཞིག་ཡིན་པས་བདེན་པའི་ཁུངས་གཏུགས་ས་ཡོད།  དེ་སྔོན་ངའི་ལས་གྲོགས་དགེ་རྒན་ཞིག་ཡོད་དེ་ཤེས་ཡོན་དང་འཇོན་ཐང་གཉིས་ཀ་ལྡན་པས་ཚང་མས་བསྟོད་བསྔགས་བྱ་ཡུལ་དུ་གྱུར་མོད།   འོན་ཀྱང་གསེར་དག་མ་དཀོན།   མི་སྐྱོན་མེད་དཀོན་ཞེས་པའི་དཔེ་ལྟར་ཁོ་རང་ལ་ཡང་དོགས་པ་ཟ་བའི་གཤིས་རྒྱུད་ངན་པ་ཞིག་ཡོད།   ཡུན་རིང་འདྲིས་འབྲེལ་བྱས་པ་ལས་ངའི་སྣང་ངོར་ཁོ་རང་ནི་གཞན་གྱིས་སྣང་མེད་ངང་དུ་སྐད་ཆ་ཞིག་བཤད་པ་ཡིན་ན་ཁོས་དེ་ལ་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་།   བློ་རྩེ་ཉི་ཤུ་རྩ་ལྔ་བཀུགས་ཏེ་དཔྱད་པ་མང་པོ་ཞིག་བཏང་ནས་རང་ཉིད་རང་གིས་བཟོས་པའི་དོགས་པའི་ཞིང་ཁམས་ཞིག་ཏུ་ཨུ་ཚུགས་བྱས་ནས་དུས་འདའ་བ་དང་།   སྐད་ཆ་གང་བཤད་ཀྱང་དོགས་པའི་དབང་གིས་རང་གི་བསམ་ཚུལ་དཔྱིས་ཕྱིན་པ་ཞིག་གམ་ཡིད་ཚིམ་པ་ཞིག་གཞན་ལ་བཤད་མི་ཕོད་ཅིང་བྱ་བ་གང་བསྒྲུབས་ཀྱང་གཙང་ཐག་ཆོད་དམ་བློ་བདེ་མོ་ཞིག་ཀྱང་བསྒྲུབ་མི་སྲིད་ཅིང་ཁོ་པའི་སེམས་ནང་དུ་ད་དུང་མི་གཞན་ཞིག་ཡིབ་ནས་འཆར་བཀོད་བཞག་བཞིན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་དབང་མེད་དུ་སྟེར།
དེ་ལྟར་བགྲང་བྱའི་འགྲོས་དང་བསྟུན་ནས་ཁོའི་སྐད་ཆ་ཇེ་ཉུང་ནས་ཇེ་ཉུང་དང་བྱ་སྤྱོད་ཀྱང་ཇེ་གཟབ་ནས་ཇེ་གཟབ་ཏུ་གྱུར་སོང་།  ལོ་འགའ་འགོར་རྗེས་ཁོ་རང་རྫོང་ནང་དུ་ལས་གནས་སྤོས་ཤིང་མི་རིང་བར་གོས་ཚོང་རྒྱག་པའི་གཞོན་ནུ་མ་ཞིག་དང་གཉེན་སྒྲིག་བྱས་པ་རེད།  ལས་གྲོགས་ཚང་མས་ཁོས་ཁྱིམ་གཞིས་གསར་པ་ཞིག་བཙུགས་པར་བཀྲ་ཤིས་བདེ་ལེགས་ཡང་ཡང་ཞུས།   ཁོ་བོའི་སེམས་སུ་ད་ནི་ཁོ་པའི་དོགས་པའི་ཡིད་མཁའ་རུ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་འགོ་བརྩམ་སོང་སྙམ་ནས་དགའ་སྤྲོ་ཚད་མེད་སྐྱེས།   རེད་དེ་དོགས་པ་ཅན་ལ་འདྲེ་དགུ་འཁོར་ཟེར་བ་ཅིས་མི་བདེན་ཏེ་ལོ་གཅིག་ཙམ་འགོར་རྗེས་ངའི་ལས་གྲོགས་སྙིང་རྗེ་བ་ཁོ་སྨྱོ་འབོག་གི་ནད་ཕོག་ནས་ལས་ཁུངས་དང་ཁྱིམ་མི་རྣམས་ཀྱིས་བཙན་དབང་གིས་སྨན་བཅོས་བྱེད་ས་ཁྲིད་སོང་བའི་དོན་རྐྱེན་ཚབས་ཆེན་དེ་བྱུང་སོང་།   གོ་ཚོར་ལྟར་ན་ཁོ་རང་སྨན་ཁང་གི་སྒོ་འགྲམ་དུ་འབྱོར་ཚེ་མིག་ཆུ་ཤར་ཤར་དུ་བསྙིལ་ཞིང་སྡུག་སྐད་ལྷང་ལྷང་དུ་སྒྲོག་བཞིན་ཁོ་རང་སྐྱེལ་མཁན་རྣམས་ལ་ཕྱི་མིག་ཡང་ཡང་བལྟས་ཤིང་ཤུགས་ཆེན་ལས་སྒྲུབ་མི་སྣ་གཉིས་ཀྱིས་ཕྲག་པ་གཡས་གཡོན་ནས་བཟུང་སྟེ་སྨྱོ་ནད་སྨན་ཁང་ནང་དུ་དྲུད་སོང་བ་རེད།    དེ་ནས་བཟུང་ཁོའི་སྐོར་གྱི་གནས་ཚུལ་གོ་རྒྱུ་མ་བྱུང་།
ཁོ་པ་སྨྱོ་ནད་ཕོག་པའི་བརྒྱུད་རིམ་རགས་ཙམ་ནི་འདི་ལྟར་ཏེ།  མ་གཞི་ཁོ་རང་ནི་མི་དོགས་པ་ཅན་ཞིག་ཡིན་པས་གཉེན་སྒྲིག་ནས་ཡུན་རིང་མ་འགོར་བར་ཁོས་རང་གི་བཟའ་ཟླ་ལ་ཡིད་མི་ཆེས་ནས་དོགས་པ་ཟ་བའི་འགོ་བརྩམ་པ་རེད།  དོགས་པའི་སྨུག་སྤྲིན་གྱིས་ཁོ་པའི་སེམས་ཁོང་ཡོངས་སུ་ཁེངས་པས་སྐད་ཆ་ཡ་མཚན་ཅན་དང་སྤྱོད་པ་ཡ་མ་ཟུང་དུ་མས་ཁྱིམ་ཚང་གི་ཁོར་ཡུག་ཀུན་ཏུ་སུན་སྣང་གི་མཁའ་དབུགས་སྙིང་རླུང་སྟོད་དུ་འཚངས་པ་ལྟ་བུ་ཞིག་ཆགས་སུ་བཅུག     མཇུག་ཏུ་ཁོས་རང་གི་བཟའ་ཟླའི་ཉིན་གཅིག་གི་འགྲོ་འདུག་ཐམས་ཅད་ལ་ལྟ་སྐུལ་བྱས་པ་དང་།   བཟའ་ཟླས་ཁ་པར་ཞིག་གཏོང་བའམ་ཡང་ན་འཕྲིན་ཐུང་ཞིག་འབྱོར་བ་ཡིན་ན་ཁ་པར་སུ་ལ་གཏོང་བ་ཡིན།   འཕྲིན་ཐུང་གཏོང་མཁན་སུ་རེད་ཅེས་རྩད་བཅད་ནན་དྲིས་བྱས།    བཟའ་ཟླ་ཕྱིར་སོང་ནས་ཡུད་ཙམ་ཁྱིམ་དུ་ལོག་མ་ཡོང་དུས་ཁྱོད་གང་དུ་སོང་བ་ཡིན།   ཅི་བྱེད་དུ་སོང་བ་ཡིན་ཞེས་དོགས་པའི་མིག་ཅེར་རེས་རང་གི་བཟའ་ཟླ་ལ་བལྟས་ནས་ནན་དྲིས་བྱེད།  བཟའ་ཟླས་འུ་ཐུག་ནས་གཏམ་ལན་སློག་པའི་ཚེ་ཁོ་རང་ཁོང་ཁྲོ་ཆེན་པོ་ལངས་ཏེ་གཤེ་གཤེ་བཏང་བས་ཉིན་གཅིག་ལ་ཕན་ཚུན་འཆམ་མཐུན་ངང་གནས་པའི་དུས་ཚོད་ཐུང་ངུ་ཞིག་ལས་མེད་པར་གྱུར་སོང་།  
  • ལེ་ཚན་སྔོན་མ།:དགུན་ཟླའི་མཐོང་སྣང་།
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།