དོགས་པ་ཟ་བའི་མཇུག་འབྲས།(2)

སྐལ་བཟང་ཐུབ་བསྟན་གྱིས།        2011-05-10


མཐར་བཟའ་ཟླས་བཤད་མི་ཤེས་ཤིང་ངུ་ཡང་མི་ཕན་ལ་འབུ་གྲོག་མ་སླ་ང་ཚ་མོའི་སྟེང་དུ་རྒྱུག་པའམ་ཉ་མོ་སྐམ་ལ་བཏོན་པ་ལྟ་བུའི་སྡུག་བསྔལ་འདི་འདྲའི་ནང་དུ་འཚོ་བ་བྱེད་པ་ལས་ཤི་ན་དགའ་སྙམ་ནས་རང་སྲོག་གཅོད་པའི་ལས་ཀ་ལག་ལེན་བསྟར་བས་སྟབས་ལེགས་པར་མི་གཞན་གྱིས་མཐོང་ནས་སྲོག་ལས་ཐར་ཙམ་དུ་བྱུང་།
ནད་དྲག་བསྐྱེད་བྱུང་ནས་ཡུན་མི་རིང་བར་བཟའ་ཟླས་ཁོ་རང་དང་བཟའ་ཚང་ཁ་ཁ་ཕྱེ་རོགས་ཞེས་པའི་བསམ་འཆར་བཏོན་པས་ཁོ་རང་ཡུད་ཙམ་ཧད་དེ་དྲན་མེད་དུ་གྱུར་སོང་།  དེ་ནས་ཟས་ལ་དང་ག་མེད་ཅིང་མཚན་གང་པོར་གཉིད་མི་ཡུར་པས་ཞོགས་སྔ་མོར་སླེབས་ཚེ་ཁ་རུ་ངས་ཁ་ཁ་མི་ཕྱེ་ཐག་ཆོད་ཡིན་ངས་ཁ་ཁ་མི་ཕྱེ་ཐག་ཆོད་ཡིན་ཞེས་ཆིག་ལབ་རྒྱག་པ་རེད།  ཚང་མས་ཁོ་སྨྱོས་ཚར་འདུག་མགྱོ གས་མྱུར་སྨན་ཁང་དུ་སྐྱེལ་ན་དགའ་ཟེར་ཏེ་རྒྱ་ནག་ཡུལ་གྱི་ག་གེ་མོའི་སྨྱོ་ནད་ཁང་ཞིག་ཏུ་བསྐྱལ་བས་གོང་གི་གནས་ཚུལ་དེ་བྱུང་བ་རེད།  
    དེ་ནས་མི་རྣམས་ཀྱིས་ཁོ་པ་སྨྱོ་རུ་བཅུག་མཁན་ནི་ཁོའི་བཟའ་ཟླ་རེད།   མོ་དེ་ནི་འདྲེ་མོ་རང་རེད་འདུག་ཅེས་ས་བཤད་རྡོ་བཤད་མང་པོ་བྱེད་ཀྱིན་འདུག    གཏམ་དེ་དག་ནི་ཁུངས་ལུང་མེད་པའི་འཆལ་གཏམ་སྒྲོག་པ་ཡིན་ཏེ་དོན་ངོ་མ་ནི་ཁོས་རང་གི་དོགས་པའི་རྒྱུ་བསགས་བསགས་ནས་འབྲས་བུ་དེ་ལྟར་འབྱུང་བ་བསྙོན་དུ་མེད་དེ་ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ་ཅིང་རྒྱུ་གང་ཞིག་བསགས་ན་འབྲས་བུ་དེ་ལྟ་བུ་ཞིག་ཡོང་བ་ནི་དུས་ནམ་ཡང་མི་འགྱུར་བའི་ཆོས་ཉིད་ཅིག་ཡིན་པས།  དོགས་པ་ཅན་གྱི་མི་ཡིས་ཡོན་ཏན་སྐྱོན་དུ་ལྟ་ཞིང་སྐྱོན་ཡོན་ཏན་དུ་བཟུང་།   དོགས་པ་ཅན་གྱི་མི་ཡི་སེམས་སུ་བདེ་བའི་གནས་སྐབས་སྐད་ཅིག་ཙམ་ཡང་མེད།  དོགས་པ་ཅན་གྱི་མི་ནི་ཉིན་མཚན་ཀུན་ཏུ་གཉིད་མི་ཡོང་།  དོགས་པ་ཅན་གྱི་མི་ལ་བསམ་དོན་འགྲུབ་པའི་དུས་ཤིག་མེད།  དོགས་པ་ཅན་ནི་དུག་སྦྲུལ་དང་འདྲ་ཞིང་མེ་འོབས་དང་མཚུངས།  དོགས་པ་ཅན་གྱི་མི་ནི་སྨྱོ་ནད་ཀྱི་གཡང་གཟར་ཁ་རུ་གནས་ཡོད།  དོགས་པ་ཅན་གྱི་མགོན་སྐྱབས་ནི་རང་སེམས་ཡིན་ཞིང་དོགས་པ་ཅན་གྱི་ནད་ཀྱི་རྩ་བ་སེམས་ལ་ཐུག་ཡོད་ཅིང་སྨན་ཡང་རང་སེམས་ལས་མ་འདས།  སེམས་ཀྱིས་བསླུས་པ་ནི་གྲངས་ཀྱིས་མི་ཆོད་པས་རང་སེམས་གསོ་བའི་ཐབས་ལ་འབད་པར་འཚལ་ལོ། །   མཐར་ཁོ་བོའི་སྙིང་རྗེ་བའི་ལས་གྲོགས་སྨྱོ་ནད་ལས་མྱུར་དུ་གྲོལ་ཞིང་འགྲོ་བ་མིའི་རིགས་སུ་གྱུར་པ་ཐམས་ཅད་དོགས་པའི་གཅོང་རོང་ལས་ཐར་ནས་བདེ་སྐྱིད་ཀྱི་བསྟི་གནས་ཤིག་ཐོབ་པ་གསོལ་བ་ཡང་ཡང་འདེབས་པ་ལགས།
  • ལེ་ཚན་སྔོན་མ།:དགུན་ཟླའི་མཐོང་སྣང་།
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་བཅངས་བའི་བརྩེ་སེམས།