རྡོ་རིང་དང་མེ་ལོང་།

བཀྲ་ཤིས་ཀྱིས།        2011-05-05

བྱམས་སྙིང་རྗེའི་ཁོར་ཡུག་ཏུ་ལྟེ་ཁྲག་འཕོས་ཤིང་བདག་གཞན་མཉམ་བརྗེའི་མཁའ་རླུང་གཙང་མས་ཡིད་སེམས་བརླན་ཏེ་སྐྱེས་པ་ཕོ་ཞིག་ཏུ་འཚར་ལོངས་བྱུང་བའི་ཉེར་ལེན་གྱི་རྒྱུ་བཟང་པོ་ཞིག་རྙེད།བྱུང་ཚད་ལས་དབང་ལ་ཁག་དཀྲི་བའི་རྒན་རྒོན་རྣམས་ཀྱི་ཞལ་ལས་འདྲེ་དང་བདུད་་ཅེས་པའི་ལྐོག་གསང་ཅན་གྱི་ཐ་སྙད་མང་པོ་ཞིག་གིས་བྱིས་པའི་ཀླད་རྩ་རུ་ཡོ་ལང་རྒྱགའབྱུང་རྒུ་བསམ་སྦྱོར་ལ་རག་ལས་པར་འདོད་པའི་ན་གཞོན་རྣམས་ཀྱི་བློ་སྤོབས་ལས་ང་རྒྱལ་དང་ཡིད་ཆེས་ཀྱིས་རྐང་འོག་གི་ཐར་ལམ་དང་མགོ་ཐོག་གི་མཁའ་ལམ་གྱི་ཁ་ལོ་བསྒྱུར་ཐུབ་པར་ངེས་ཤེས་འདྲོངས་པས་གནའ་ཉམས་དོད་པའི་ལུང་ཁུག་དེ་ལ་གྱེས་ཕྱག་འཚལ་ཞིང་སྨུག་སྤྲིན་གྱིས་མཚམས་བཅད་པའི་རི་བོ་མཐོན་པོ་དེ་བརྒལ་ཏེ་ཁྲག་རྩ་རུ་གསོན་ཤུགས་གསར་པ་ཞིག་རྒྱས་ཀྱང་གནའ་སྲོལ་ཉམས་བཞིན་པའི་རི་གྲོང་ཞིག་ཏུ་སླེབས།ཡུལ་དེ་ནི་ལྷ་སྒྲུང་དུ་བཤད་པ་ལྟར་ངོ་མཚར་གྱིས་ཁེངས་ཡོད་མོད་མ་ནི་འབྲུ་དྲུག་གི་སྒྲ་ཐན་ཐོན་ཙམ་ལས་གེ་སར་གྱི་དབྱངས་རྟ་ལེན་མཁན་མེད་ལ་ཕ་ཨ་ཁུའི་གཏམ་རྒྱུད་ཀྱང་ཐོས་རྒྱུ་མེད་པར་ཚང་མས་ཅི་ཞིག་གི་དོན་དུ་ཕར་རྒྱུགས་ཚུར་འོངས་བྱེད་གིན་འདུགནར་མ་སོན་པའི་ན་གཞོན་ཞིག་ཡིན་ན་གཞན་རྗེས་འབྲངས་ཏེ་ལས་ཟློས་ཀྱིས་འཁོར་ལོ་བསྐོར་བ་ལས་ཁེར་ཚུགས་ཀྱི་རང་གཤིས་མེད་ལ་རང་རྐྱ་འཕེར་བའི་བསམ་གཞིག་ཀྱང་བྲལ་བས་ཁོ་ཡིས་ཀྱང་ལྟོ་གོས་འབའ་ཞིག་དོན་གཉེར་བའི་ལམ་བུར་འཚང་ཁ་རྒྱག་འགོ་བརྩམས།སྲིད་པ་འདི་རུ་འགྲོ་ལམ་སྣ་ཚོགས་མཆིས་ཤིང་ལ་ལ་ནི་དམྱལ་བ་ནས་ལྷ་ཡུལ་དུ་བསྲིངས་ཡོད་ལ་འགའ་ཞིག་ནི་ལྷ་ཡུལ་ནས་་དམྱལ་བ་རུ་བརྐྱངས་ཡོད།འོན་ཀྱང་འཕྲལ་ཕུགས་གཉིས་ལས་སྐབས་འཕྲལ་ལ་ཡིད་སྨོན་ཤོར་བས་སྔ་མའི་ལམ་ལ་འཇུག་མཁན་མང་ཙམ་གདའ།ལམ་སྣ་བོར་ཏེ་རང་ངོ་ཡང་མ་ཤེས་པའི་མི་ཞིག་ལ་མཚོན་ན་ཡིན་མིན་གྱི་བར་ལ་རྡོ་རིང་དང་ལེགས་ཉེས་ཀྱི་མཚམས་སུ་མེ་ལོང་ཞིག་་ཡོད་ན་ཕ་ཨ་ཁུ་རྣམས་ཀྱི་ཞབས་རྗེས་དང་མ་སྲུ་མོ་རྣམས་ཀྱི་ཕྱག་རྗེས་གསལ་པོར་མཐོང་སྟེ་རང་ཉིད་དང་བཅས་པའི་བུ་རབས་ཚ་རྒྱུད་རྣམས་ཀྱི་ཞལ་ངོ་ཡང་རྗེན་པར་མཐོང་ཐུབ།ཏག་ཏག་ཁོ་རང་ཡང་ན་མེད་ཚོར་མེད་ངང་དཀར་དམར་ཅི་ཡང་མིན་པའི་ཕུང་པོ་གསུམ་པར་འགྱུར་བཞིན་པའི་སྒང་ལ་དབྱངས་གསལ་གྱི་འཇིག་རྟེན་དུ་ཀྲོང་ངེར་འགྱིང་པའི་གསེར་གྱི་རྡོ་རིང་དང་གསལ་ལྷང་ངེར་བཀྲ་བའི་གཡུ་ཡི་མེ་ལོང་ཞིག་དང་མཇལ།
     གསེར་གྱི་རྡོ་རིང་དེ་ནི་གངས་ཏི་སིའི་འདབས་ནས་གཡག་རོག་པོའི་རྒྱབ་ལ་བཀལ་ཏེ་ཡུམ་བུ་བརླ་མཁར་གྱི་མདུན་དུ་བཞེངས་ཀྱང་དམར་རླུང་གི་ཐལ་རླུང་འཚུབ་པས་བྱེ་མའི་ཁྲོད་དུ་གསལ་ལ་མི་གསལ་བའི་ཚུལ་དུ་སྣང་།གཡུ་ཡི་མེ་ལོང་དེ་ནི་ཡར་ཀླུང་གི་རྒྱུད་ནས་གཙང་པོས་ཁྱེར་ཏེ་པོ་ཏ་ལའི་ངོས་སུ་བཀལ་ཡང་ཁ་ཆར་རླུང་གསུམ་གྱིས་གཙེས་པས་རང་ངོ་གསལ་པོར་མཐོང་མ་ཐུབ།ཐེ་ཚོམ་གྱི་ངང་ནས་རྡོ་རིང་གི་དྲུང་དུ་མགོ་བོ་སྒུར་ཏེ་འགྲོ་དུས་རྒས་འཁོགས་ཤིག་གིས་ཁྱེད་དང་འདྲ་བའི་ན་གཞོན་མང་པོ་ཞིག་རྡོ་རིང་དང་གྱེས་ཕྱག་འཚལ་ཏེ་གར་སོང་ཆ་མེད་དུ་གྱུར་སོང་ཟེར།ཡི་ཆད་ཀྱི་སྒོ་ནས་གཡུ་ཡི་མེ་ལོང་གི་ཡུ་བར་བྱིལ་བྱིལ་བྱེད་དུས་རྒྱལ་ཁམས་པ་ཞིག་གིས་སེམས་པའི་ནད་ཀྱིས་ཁྱེད་ཀྱི་ངོ་གདོང་འགྱུར་བ་རེད་དམ།དུས་ཀྱི་དབང་གིས་མེ་ལོང་གི་ཁ་དོག་ཤོར་བ་རེད་ཅེས་གསུངས།རྩ་བ་ས་རུ་ཟུག་ཅིང་རྩེ་མོ་དགུང་ལ་བསྙེགས་པའི་ཁེར་རྒྱང་གི་རྡོ་རིང་དེའི་གསང་བ་བརྟོལ་འདོད་ན་སྡུག་བསྔལ་ཁུར་དུ་འདེགས་པའི་སྤོབས་པ་ཞིག་དགོས་ལ་རྒྱབ་ནི་པོ་ཏ་ལ་ལ་བརྟེན་ཞིང་མདུན་ནི་ཆོལ་ཁ་གསུམ་ལ་འཁོར་བའི་མེ་ལོང་དེའི་རང་བཞིན་ཤེས་བསམ་ན་རྐྱེན་ངན་གྲོང་གསེབ་སུ་བསྒྱུར་བའི་བློ་གྲོས་ཤིག་དགོས་པས་ཕྱི་ནང་གསང་གསུམ་མཁྱེན་པའི་ལོ་རྒྱུས་ཀྱི་རྒན་པོ་དང་ཞལ་མཇལ་ཞུས་ཏེ་ཁ་སང་གང་ནས་ཡོངས་ལ་དེ་རིང་ཇི་ལྟར་གནས་པ།སང་ཉིན་གང་དུ་འགྲོ་བའི་དུས་གསུམ་གྱི་གླེང་མོལ་ཞིག་བྱ་རྒྱུ་ནི་ཁོ་ཡི་མདུན་དུ་ལྷག་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ལགས།དེ་ནས་བསྒྱུར་ཡང་འགྱུར་ཐབས་བྲལ་ལ་བསྐོར་ཡང་འཁོར་རྒྱུ་མེད་པའི་ལོ་རྒྱུས་རྒན་པོ་དང་དངོས་སུ་ཞལ་མཇལ་ཐེངས་གཅིག་བྱས་ཏེ་བགྲོ་གླེང་ཡུན་རིང་མཛད་པ་ན།མང་ཤོས་ཀྱི་མཐོང་ལམ་དུ་སྣང་བའི་ལོ་རྒྱུས་ཀྱི་རྒན་པོ་དེའི་ཞལ་མདོག་ཀྱང་བསྒྱུར་ཟིན་ལ་སྒལ་ཚིགས་ཀྱང་འཁྱོག་པོར་འགྱུར་སོང་།དོན་དམ་པར་ཁོང་གི་ཞལ་ངོ་ནི་དཔའ་མཛངས་དང་རྟུལ་ཕོད།འདྲ་མཉམ་དང་ཞི་བདེ།ངར་ཤུགས་དང་བློ་སྤོབས།དཀྱེལ་ཡངས་དང་སྒམ་ཚུགས་ཀྱི་ཉམས་བརྒྱའི་འཛུམ་མདངས་ལྡན་པ་ཞིག་ཡིན་མོད།བསམ་ནས་སྨྲ་བ་མང་པོ་ཞིག་གིས་རྩ་བའི་ཁ་དོག་ཐེར་དུ་བོར་ཞིང་ཡན་ལག་གི་ཁ་དོག་གང་མང་ཞིག་གདོང་ལ་བྱུགས་པས་ཁོང་ཡང་ལྷ་མིན་འདྲེ་མིན་ཞིག་ཏུ་གྱུར་ཏེ་པང་ནས་སྐྱེས་པའི་བུ་ཕྲུག་གིས་ཡུམ་གྱི་ཞལ་ངོ་མ་ཤེས།ཤེས་ནས་སྨྲ་བ་མི་ཉུང་བ་ཞིག་ལ་བདེན་གཏམ་འཆད་པའི་སྤོབས་པའང་ཉམས་ཏེ་རང་ཉིད་ཀྱི་རྩམ་ཁུག་གི་ཆེད་དུ་མ་རུང་མ་ལེགས་ཞེས་དགག་སྒྲའི་འུར་སྒྲོག་པས་ཀུན་ཀྱང་རི་བོང་ཅལ་འདྲོགས་ཀྱིས་ཁོང་གི་གདོང་ལ་མཛུབ་མོ་ཀེར་གྱིས་འཕྱ།
     སྒང་པ་འདི་རུ་མིའི་རིགས་ཀྱི་རྣམ་ཤེས་འཁོར་བ་ནས་བཟུང་།གདོད་མའི་ཤེས་རིག་གི་ས་བོན་གྲུང་པོ་ཞིག་ཁོ་བོས་སྦྲུམ་སྟེ་རྗེ་བློན་གྱི་དམག་རྟའི་གོམ་སྒྲ་དང་མཁས་མཛངས་ཀྱི་དཀྱེལ་ཡངས་སྒམ་བརླིང་ལས་ས་འཛིན་དཀར་པོར་གངས་སེང་གིས་གཡུ་རལ་གསིག་ཅིང་རྒྱ་རྫོང་ནགས་སུ་རྒྱ་སྟག་གིས་ངར་སྒྲ་སྒྲོག་པས་གཟི་བྱིན་འབར་བའི་ཡིག་ཕྲེང་བཀོད་པའི་རྡོ་རིང་ཞིག་གྱེན་དུ་བསླངས་མོད།སྤྱང་ཁྱི་ལག་སྦྲེལ་གྱིས་གོ་མེད་ཚོར་མེད་ངང་ང་རང་ཚལ་བར་གཤགས་པས་ཁོ་བོའི་དོན་ལྔ་སྣོད་དྲུག་གི་མགོ་རྟིང་བསློགས་ཏེ་ཁྱེད་ཀྱི་དགོངས་པ་དང་ང་ཡི་ལྟ་བ།ཁོ་ཡི་ཁ་ཕོ་ཞེས་མི་རེ་རེས་རྒྱབ་རྟེན་རི་འདྲ་བ་ཞིག་དང་ལུང་རྟེན་ཁུངས་དང་ལྡན་པ་ཞིག་བཙལ་བས་རྫི་བོས་ལུག་ཁྱུ་བརླག་སོང་།ཕྲུ་གུས་ཨ་མ་བོར་སོང་་ཡང་རི་འགོའི་ཕོ་བྲང་དུ་བུ་རྒྱུད་ཀྱིས་ཨ་ཕའི་གསེར་ཁྲི་འཕྲོག་རྩོད་བྱས་ལ་རི་སྐེད་ཀྱི་གཟིམ་ཆུང་་དུ་ལྷ་མིན་འདྲེ་མིན་གྱིས་འཚང་ཀ་རྒྱགདེ་ནས་བཟུང་ཁོ་བོའི་སྲ་བའི་རང་བཞིན་འགྱུར་ལ་འཐས་པའི་བྱེད་ལས་ཀྱང་ཤོར་ཏེ་རྩ་རྩི་ཤིང་གི་རྩ་བ་ཕྲ་སྦོམ་ཡང་དམ་དུ་བཟུང་མ་ཐུབ་པས་སྒང་པ་འདི་ནི་སེར་ཐིག་ཕོག་པའི་ལོ་མས་བཀབ་ལ་པགས་པ་བཤུས་པའི་ཤིང་གོག་གིས་གང་།དེ་ནས་རྡོ་རིང་གི་འོག་ཏུ་ཁུ་སིམ་མེར་ཉལ་བའི་ས་ཡི་སྒེག་མོའི་ངག་ནས་ཐོན་པའི་གཏམ་རེད།
     རྡོ་རིང་གི་ངོགས་སུ་གྱ་གྱུའི་འགྲོས་ཀྱིས་བཞུར་བའི་གཙང་ཆུ་སྔོན་མོ་དེས་ཁོང་དང་ལོ་རྒྱུས་ཀྱི་རྒན་པོའི་བགྲོ་གླེང་ཐོས་འཕྲལ་རླབས་ཀྱི་ཟེགས་མ་མཁའ་རུ་གཏོར་ཏེ་གསུང་རྒྱུར།ང་ནི་ཆུ་སྣ་མི་གཅིག་ཁྲི་མ་འབུམ་འདུས་པའི་ཆུ་བོ་ཞིག་ཡིན་ལ་རི་བོ་ཧི་མ་ལ་ཡའི་ཁ་བའི་ཐིགས་ཕྲེང་་དང་ཨ་མྱེས་རྨ་ཆེན་སྦོམ་རའི་གཏེར་གྱི་བཅུད་ལས་ཆུ་གཞུང་རྒྱས་ཤིང་རླབས་རིས་བཀྲ།ཁོ་བོ་བཞུར་བའི་རྒྱུད་དུ་འཁྲུངས་པའི་ལྗོན་ཤིང་གི་ཡལ་གར་ཕྱི་ནང་གི་འདབ་ཆགས་འཁོར་ལ་འབྲུ་དྲུག་གི་ལོ་ཏོག་སྨིན་པས་རེ་ཞིག་ལ་མི་སྨོན་རང་སྐྱིད་ཀྱི་ཞིང་ཁམས་ཤིག་ཆགསངས་ཉིན་མཚན་ཁོར་མོ་ཡུག་ཏུ་འགྲམ་དུ་བཞེངས་པའི་གསར་གྱི་རྡོ་རིང་གི་ཡིག་འབྲུ་རེ་རེ་ཀློག་བཞིན་དྲན་སྐུལ་དང་གདུང་འབོད་བྱས།མདུན་དུ་བཀལ་བའི་གཡུ་ཡི་མེ་ལོང་ལ་ཡང་ཡང་བལྟས་ཏེ་རྗེས་དྲན་དང་ཕྱིས་འདིང་རྒྱག་སྟེ་འབྲོག་པའི་ཕོ་རྒོད་ལ་གནས་ལུགས་ཤུབ་བུར་བཟློས་ཤིང་རོང་པའི་མོ་གསར་ལ་བདེན་དོན་གསེང་མཐོར་བསྒྲགས་མོད།དུས་ནམ་ཞིག་གི་ཚེ་རང་ལྟ་མཆོག་འཛིན་གྱི་མཁས་པ་ཞིག་གིས་གཡོ་ཟོལ་གྱིས་ཁོ་བོ་གཡས་ཕྱོགས་སུ་ཁྲིད།རང་སྡེའི་རིགས་ལ་སྡང་བའི་དཔའ་བོ་ཞིག་གིས་བཙན་པོ་ཡིས་ང་རང་གཡོན་ཕྱོགས་སུ་དེད་པས་ཡིན་མིན་ལ་ཐ་ཚིག་སྒྲོག་པའི་རྣམ་ཤེས་བར་སོར་འཁྱམ་ལ་དུས་གསུམ་རྗེན་པར་གཟིགས་པའི་ལོ་རྒྱུས་ཀྱི་སྤྱན་ཟུང་ཁོ་བོའི་འགྲམ་དུ་ལྷུང་།དུས་དེ་ནས་བཟུང་མདུན་དུ་སྐུལ་བའི་རྔ་སྒྲ་འཇགས་ལ་དུང་སྒྲ་དབེན་པས་ཁོ་བའི་སྟོད་དུ་འཁྲུག་ལོང་གི་ཐལ་བ་འཚུབ་ཅིང་བར་ལ་ནང་དམེའི་ཁྲག་དྲི་བྲོ།སྨད་དུ་སྒྱིད་ལུག་གི་རུལ་དྲི་ཁྱབ་པས་སྤྱང་ཀིས་ལུག་ལ་འཇབ་པ་དང་སྦྲུལ་ནག་ཤིང་ལ་འཁྲིལ་བ་ལྟར་ཞེས་པའི་སྐྱོ་གར་དེ་སླར་ཡང་གར་སྟེགས་སུ་འཁྲབ་པས་རྡོ་རིང་ངོས་ཀྱི་ཡིག་འབྲུའི་རྒྱུན་ཆད་ཅིང་མེ་ལོང་ནང་གི་གཟུགས་བརྙན་ཡང་ཆ་མ་འཚལ་དུ་གྱུར་པ་ན་རང་ངོ་ཡང་མི་ཤེས་པ་ཁྱོད་ལྟ་བུའི་གསར་སྐྱེས་མཁས་མིན་གང་མང་ཞིག་ལོ་རྒྱུས་ཀྱི་ཤུལ་ལམ་དུ་གོམ་ཁ་ཤོར་བར་བརྟེན་དུས་ད་ལྟར་ང་ནི་ཆེ་རྒྱུ་ཆུང་རྒྱུ་མེད་པར་ཆགས་ཤིང་ཁྱེད་ཀྱང་མི་མིན་འདྲེ་མིན་དུ་གྱུར་པ་རེད།དེས་ན་ཁྱེད་དང་ཁྱེད་འདྲ་བ་ཚོས་ལོ་རྒྱུས་ཀྱི་གསེར་གྱི་རྡོ་རིང་ལ་རྣམ་དག་གིས་ཡང་མཇལ་ཐེངས་ཤིག་དང་གཡུ་ཡི་མེ་ལོང་ལ་བ་བསམ་གཟས་ཀྱིས་ཡང་ལྟ་ཐེངས་གཅིག་བྱེད་རན་འདུག
     གཙང་ཆུ་སྔོན་མོས་སྔ་འགྱོད་ཕྱིས་སྡོམ་གྱི་འབེལ་གཏམ་བཤད་མ་ཐག་དྲི་བཞོན་རླུང་གི་ཕོ་ཉས་འུར་སྒྲ་དང་བཅས་གསེར་གྱི་རྡོ་རིང་དང་གཡུ་ཡི་མེ་ལོང་གི་ཕྱོགས་སུ་ལྡང་ཡོངས་ཏེ་ཤབ་ཤུབ་ཀྱིས་ཅི་ཞིག་ལབ་ཀྱིན་འདུགཁོ་ཡིས་རྡོ་རིང་ལ་རྒྱབ་རྟེན་བྱས།ལག་པས་རྣ་བ་སྐྱོར་ཏེ་ནན་གྱིས་ཉན་དུས།རླུང་གི་ཕོ་ཉ་ན་རེ།བསྐལ་པ་ཆགས་པ་ནས་བཟུང་ཁོ་བོ་མཐོ་ནམ་མཁའི་སྤྲིན་དང་བར་གངས་རིའི་རྩེ་མོ།དམའ་རྒྱ་རྫོངས་ཀྱི་ནགས་ཚལ་བཅས་རྒྱུ་མ་མྱངས་བའི་ས་ཞིག་མེད་ལ་མཐོང་ཐོས་སུ་མ་གྱུར་བའི་དོན་ཡང་ལྷག་མེད།གདོད་མའི་ནས་འབྲུའི་ས་བོན་ལས་རིགས་རུས་ལ་གསོན་ཤུགས་རྒྱས་ཏེ་བཙན་པོའི་ཁོག་པར་འཇིག་རྟེན་ཤོང་།བློན་པོའི་ཁྲག་རྩར་ལ་རྒྱའི་ཟུངས་ཁྲག་བཞུར།འབངས་མིའི་མིག་ལམ་དུ་འགྲོ་ལམ་གསལ་བས་རྒན་མོས་གསེར་ཁུར་གྱི་དུས་ཤར་ལ་རྫོགས་ལྡན་དུས་ཀྱི་སྐྱ་མདའ་ཡང་བཏང་།དེ་དུས་བྱ་རྒྱ་རྒོད་པོ་ལྟར་མཁའ་དབྱིངས་ནས་ཐུར་ལྟ་བྱས་ལ་རི་དྭགས་རྒྱལ་པོ་བཞིན་རི་རྩེ་ནས་རྒྱང་ལྟ་བྱས་ཆོག་པས་དེ་འདྲ་བའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་མི་བྱེད་མཁན་སུ་ཡོད།འོན་ཀྱང་ཡུན་མི་རིང་བར་ཆོག་ཤེས་ཀྱི་འདུ་ཤེས་སུ་འབྱུང་འགྱུར་གི་ཉེན་ཁ་ཞིག་ཡིན་སྦྲུམ་སྟེ་བྱིས་པ་མངལ་ལས་ཤོར་སོང་།དེ་ནས་བཟུང་གཅེན་པོའི་རྟ་ཐོག་གི་ཀི་སྒྲ་དང་གཅུང་པོའི་གཡག་ཐོག་གི་བོའུ་སྒྲ་ཡིས་ས་གཞི་སྒེག་མོའི་དོན་ལྔ་སྣོད་དྲུག་འདར་བས་སྤྱང་ཁྱུས་ལུག་ལྤགས་ཧྲལ་བ་ལྟར་སྙིང་རྗེ་བའི་ལམ་ཞིག་མུ་ནས་མུ་རུ་བསྲིངས།དེ་དག་ནི་ཉེན་བརྡ་གཏོང་བའི་ཅོང་སྒྲ་ལྟ་བུ་ཞིག་ཡིན་མོད།ཁྱེད་དང་ཁྱེད་འདྲ་བ་ཚོས་ནོངས་འགྱོད་མེད་པ་མ་ཚད་ད་དུང་གླང་གི་རྭ་ཅོ་ཅན་དང་ལྷ་ཡི་སྤྲུལ་པ་ཞེས་རང་མགོ་སྐོར་བའི་གཏམ་རྒྱུད་བརྩམས་ཏེ་བག་ཡངས་སུ་བསྡད།དེས་ན་བཙན་པོའི་དུས་ཀྱི་སྙིང་སྟོབས་གང་ནས་ཡལ་བ་དང་།སིལ་བུའི་དུས་ཀྱི་ཕྱོགས་འཐེན་གང་ནས་དར་བ་བཅས་ལ་རྗེས་དྲན་ཐེངས་ཤིག་དང་ཕྱོགས་སྡོམ་ལན་མང་བྱས་ཏེ་མའི་མགོ་ཡང་སྐོར་བའི་ཞབས་འདྲེན་དང་ནོར་བུ་་གཞན་ལ་བཙོང་བའི་ཕམ་ཁ།སྤྱང་ཀི་ནང་ལ་དྲངས་བའི་ངོ་ཚ་དང་དྲན་ཤེས་ལྐུགས་པར་བཟོས་བའི་ཁྲེལ་མེད་བཅས་སྐྱོ་བའི་ཟློས་གར་སླར་ཡང་གར་སྟེགས་སུ་མི་འཁྲབ་པར་ཆུ་མ་འོང་གོང་རགས་དང་དགྲ་མ་འོང་གོང་གི་དོགས་ཤིག་ཅིས་ཀྱང་བྱ་དགོས་སོ།།
     དྲི་བཞོན་བུ་མོས་ལོ་རྒྱུས་ཀྱི་རྒན་པོ་ལ་ཕྱིར་ལྟ་ཐེངས་གཅིག་བྱས་ཏེ་དལ་བུའི་ངང་མཁའ་དབྱིངས་སུ་འཕུར་དུས་ཆུ་འཛིན་དཀར་པོ་གཡུང་དྲུང་གི་རིས་སུ་འཁྲིགས་ཤིང་འཇའ་ཚོན་སྣ་ལྔས་གུར་ཁང་ཕུབ་པས་རྟེན་འབྲེལ་ལ་དགའ་བའི་མི་རྣམས་ལ་སྤྲོ་བ་ཚད་མེད་བརྟས།ལོ་རྒྱུས་ཀྱུ་རྒན་པོས་ས་ཡི་སྒེག་མོ་དང་གཙང་ཆུ་སྔོན་མོ།རླུང་གི་བུ་མོ་བཅས་ཀྱི་གསུང་ལ་གསན་རྗེས་སྤྱན་ཟུང་ལ་འོད་མདངས་འཚེར།ཞལ་ངོ་ལ་འཛུམ་མདངས་རྒྱས་ཏེ་ཕྱག་ཟུང་གིས་གཡུ་ཡི་མེ་ལོང་མཁའ་ལ་བཏེགས།ཞབས་ཟུང་གསེར་གྱི་རྡོ་རིང་ལ་བརྟེན་ཏེ་འདི་སྐད་གསུངས།
     ཕ་བཟང་གི་བུ་ལ་རིགས་བཟང་གི་གཏམ་ཡོད།མ་བཟང་གི་་བུ་མོར་རྒྱུད་བཟང་གི་ངག་ཡོད་ཅེས་པ་ལྟར་གོང་དུ་ས་ཆུ་རླུང་གསུམ་གྱི་གསེར་ཞུན་གྱི་ཐིགས་པ་ལྟ་བུའི་གཏམ་ནི་དུས་སུ་བབས་པའི་ཆར་པ་རེད།རྟ་འགྲོས་མ་ཅན་གྱིས་ཆུ་འཐུང་དུས་སྔ་ལྟ་དང་ཕྱི་ལྟ།བུ་རུས་པ་ཅན་གྱིས་དོན་གཉེར་དུས་སྔ་འདིང་དང་ཕྱི་འདིང་ཞེས་པ་ནང་བཞིན་ཁྱེད་དང་ཁྱེད་འདྲ་བའི་གདོང་དམར་བརྒྱུད་འཛིན་རྣམས་ཀྱིས་གསེར་གྱི་རྟོ་རིང་ཡང་ཡང་མཇལ་ཞིང་གཡུ་ཡི་མེ་ལོང་ཡང་ཡང་ཕྱིས་ཏེ་སྔར་བྱས་ལས་ལ་འགྱོད་པ་ཞིག་དང་ཕྱི་འོངས་དོན་ལ་རྒྱང་ལྟ་ཞིག་ཅིས་ཀྱང་དགོས་ངེས་ཡིན།ང་ཚོའི་འཚོ་གཞེས་ཀྱི་འཁོར་ཡུག་ཏུ་མང་མང་ཤེས་རྨོངས་སུ་གྱུར་བས་ལྷ་སྒྲུང་གི་སྨུག་པ་འཁྲིགས།གཏམ་རྒྱུད་ཀྱི་ན་བོན་འཐིབས་ཏེ་བདེན་རྫུན་གྱི་གོ་ལྡོགལེགས་ཉེས་ཀྱི་མཚམས་ནོར།དེས་ན་ཅི་ཞིག་གིས་ཁ་བ་ཅན་ཞེས་འཛམ་གླིང་གི་རྩེ་མོར་གྲགས་ཤིང་གང་ཞིག་གིས་རྨོངས་དད་ཅན་ཞེས་མི་གྲལ་གྱི་མཐའ་རུ་ལྷུང་པ་ལ་དཔྱད་ཤེས་ཀྱི་རིག་པ་ཞིག་མི་དགོས་སམ།དྲང་བདེན་དམ་དུ་བཟུང་བ་ས་ཡི་སྒེག་མོའི་སྲ་ཞིང་འཐས་པའི་སྙིང་སྟོབས་དང་།ངན་རྒུ་གཙང་ཕྱགས་བྱས་པ་གཙང་ཆུ་སྔོན་མོའི་བརླན་ཞིང་གཤེར་བའི་སྤོབས་པ།ཡོད་ཚད་མིག་ལམ་དུ་ཟིན་པ་རླུང་གི་ཡང་ཞིང་གཡོ་བའི་མཐུ་ནུས་བཅས་འཛོམས་ན་བཙན་པོ་ཅན་གྱིས་སྒུལ་མི་ཐུབ་ལ་གཡོ་ཁྲམ་ཅན་གྱིས་བསླུ་མི་ཐུབ་པར་རང་གཤིས་འབུར་དུ་ཐོན་ཞིང་རང་རྐང་བརྟན་པོར་ཚུགས་པའི་མི་བོ་ཆེས་མདུན་ལམ་བསྟན་པའི་རྟོགས་བརྗོད་རིང་པོ་དང་རང་ངོ་ཤེས་པའི་རྣམ་ཐར་གསར་པ།ངོམ་རིན་ཡོད་པའི་ལོ་རྒྱུས་ངོ་མ་ཞིག་གངས་རིའི་རྩེ་མོ་དང་གཙང་ཆུའི་འགྲམ་དུ་མཇལ་ཆོག་ཆོག་རེད།
     ལོ་རྒྱུས་ཀྱི་རྒན་པོའི་གཏམ་བརྗོད་ལས་ཁོང་གིས་འཁྱོག་བརྗོད་ཀྱི་ལོ་རྒྱུས་ཀྱིས་ང་ཚོ་འཁྱོག་པོར་བསྒྱུར་ཞིང་ལོག་བཤད་ཀྱི་གཏམ་རྒྱུད་ཀྱིས་ང་ཚོ་མི་མིན་དུ་ཆགས་པས་ད་ནས་དྲང་པོའི་མི་ལ་འཁྱོག་པོའི་ལམ་བསྟན་པའི་བསམ་བློ་ཅན་རྣམས་ལ་དོགས་ཟོན་བྱས་ཏེ་ཀུན་གྱི་གཟི་བརྗིད་གསལ་བའི་རྡོ་རིང་ལ་བྱ་ར་་དང་ཡོངས་ཀྱི་ངོ་ཚ་བཀྲ་བའི་མེ་ལོང་ལ་མེལ་ཚེ་བྱ་དགོས་སྙམ་སྐབས་མདུན་དུ་མེ་ལྕེ་ལྷབ་ལྷུབ་ཏུ་འབར་ཞིང་མེ་སྟག་མཁའ་ལ་འཕྱུར་བ་ཞིག་མཐོང་བས་དེ་ནི་མེ་ཡི་སྟག་ཤར་གཞོན་ནུ་སྟེ།ད་ཅི་ས་ཆུ་རླུང་གསུམ་དང་མཉམ་དུ་མེད་པས་ཁོང་ལའང་གཅོང་ནད་ལ་ཕན་པའི་བདུད་རྩི་དང་རྣག་ཐོག་ཏུ་འཁེལ་བའི་གཙག་ལྟ་བུའི་གཏམ་ཞིག་འཆད་རྒྱུ་ཡོད་ཐག་ཆོད་རེད་སྙམ་སྟེ་དེའི་ཕྱོགས་སུ་རྒྱུགས་སོང་ངོ།།།།
  • ལེ་ཚན་སྔོན་མ།:ངའི་མིང་ལ་དྲག་རླུང་ཟེར།
  • ལེ་ཚན་རྗེས་མ།:ཨ་མ་ལགས་ཁྱེད་ནི་མཛེས་མའི་ནང་གི་མཛེས་མ་ཡིན།