རེ་སྨོན།

ཤ་བོ་རྡོ་རྗེས།        2011-04-12

ནུ་བོ་ལགས།བཙོན་མ་ཞིག་ཡིན་ཕྱིར་གྱེས་བྲལ་དང་དྲན་གདུང་གི་རྨི་ལམ་ནག་པོ་དེ་ཞིམ་མངར་གྱིས་བསྐྱལ་དགོས་ལ།ཁྲིམས་ཆད་སྣ་ཚོགས་ཀྱང་འོས་འགན་དུ་སེམས་དགོས།
     ནུ་བོ་ལགས།བཙོན་ཁང་གི་འཇིག་རྟེན་ཇི་འདྲའི་ཀྱག་ཀྱོག་དང་འབའ་འབུར་ཆེ་ནའང་།ཁྱོད་ཀྱིས་ངེས་པར་དུ་བསྒྱུར་བཅོས་ཀྱི་སེམས་པ་ལག་ལེན་དུ་བསྟར་ནས།ངོས་ཟིན་གྱི་བསམ་པ་དོན་ཐོག་ཏུ་འཁྱོལ་དགོས་ལ།ཁྲིམས་ལུགས་ཀྱི་ཤེས་བྱ་གཅེས་ནོར་དུ་མཐོང་དགོས།
     ནུ་བོ་ལགས།ངོ་མ་བཤད་ན།དང་ཐོག་ཁྱོད་རང་བསིལ་འཇམ་དང་བག་ཡོད་ཀྱིས་ལྡང་བའི་དཔྱིད་དུས་ཀྱིས་རླུང་བུ་ཇི་བཞིན།འཇིག་རྟེན་གྱི་ལྷུམས་སུ་ག་ལེར་འབྱོར་བས།སྐྱོན་དང་དྲི་མས་མ་གོས་པའི་པདྨའི་ཆུན་པོ་དག་ཀྱང་སྐྱེངས་པ་སྟོང་གིས་གཟིར་ནས་ཟླ་ཟེར་གྱི་ཀློང་ནས་གཉིད།སྤྱིར་ཁྱོད་ནི་ཕ་མའི་ཤ་ཁྲག་ལས་མཆེད་པའི་ཚེ་སྲོག་གི་མེ་སྟག་ཡིན་ལ།ང་ཚོའི་སེམས་ཁོང་དུ་ཉར་བའི་འབྱུང་འགྱུར་གྱི་རེ་ལྟོས་བྱེད་སའང་རེད།ཡིན་ནའང་།ཁོར་ཡུག་གི་རྐྱེན་གྱིས།ལེ་ལོ་ཡི་དབང་གིས།ངན་གྲོགས་ཀྱི་མཐུ་ཡིས།ཁྱོད་རང་ཤེས་མེད་ཚོར་མེད་ངང་འཕྲོག་བཅོམ་གྱི་ལས་ལ་ཞུགས་པའི་འཇུག་འབྲས་ནི་འུ་ཅག་ཀུན་གྱི་སྙིང་ལ་གཟེར་བའི་སྐྱོ་གར་ཐེངས་ཤིག་རེད།སྐྱོ་གར་འདིས་ཕ་དང་ཨ་ཁུའི་སྙིང་རླུང་སྟོད་ལ་འཚངས་ཤིང་།མ་དང་སྲུ་མོའི་མིག་མཐའ་མཆི་མས་བརླན།ཁ་ཡ་ན་ཟླའི་སེམས་པ་རླུང་ལ་བསྐུར།ཐ་ན་ཁྱོད་རང་གི་སྙིང་ཁོང་རུས་པའི་གཏིང་ལའང་འགྱོད་གདུང་གི་ཕ་བོང་ཆེན་པོ་ཞིག་ལྗིད་ཀྱིས་བབས་པས།ཡོད་ཚད་སྡུག་ལ་སྦྱར།
     ནུ་བོ་ལགས།ལོ་འདི་འགའི་རེས་མོས་སུ་འཁོར་བའི་དུས་འགྱུར་གྱི་འཇུག་ངོགས་ཁྲོད།འཇིག་རྟེན་གྱི་ཁམས་ཆེན་པོའི་ཀློང་རིམ་དུ།སྐྱོ་གདུང་དྲག་པོའི་གད་རྒྱངས་ཀྱི་ང་རོ་ཆེ་ཆེར་སྒྲོག་ཅིང་།སྨྲེ་སྔགས་དང་ངུ་དབྱངས་ཀྱི་འཁུན་སྒྲ་བར་མེད་དུ་འབྱིན་པ་དེ་སུ་ཞིག་ཡིན་ནམ།
     རེད་ཡ།ཕ་མ་གཉིས་ཀྱིས་སྨུག་ལོང་ཁྲོད་ཀྱི་གླག་ཕྲུག་ཅིག་དང་འདྲ་བར།དུས་དང་རྣམ་པ་ཀུན་ཏུ་འཇིག་རྟེན་གྱི་གྲུ་ཟུར་ཙམ་ཡང་མ་བསྐྱུར་བར་ཁྱོད་དང་ཁྱོད་ཀྱི་རྐང་རྗེས་འཚོལ་བཞིན་ཡོད་ཚད་སེམས་སུ་ཉར།
     ནུ་བོ་ལགས།ངས་ནམ་ཡང་མཛེས་སྡུག་ལྡན་པའི་རི་ལུང་དང་།དྭངས་ཤིང་གཙང་བའི་མཁའ་དབུགས་ཀྱི་ཁྲོད་ན།རང་ཉིད་ཀྱི་ཡོད་ཚད་མེ་ཕུང་བཞིན་སྦར་ནས།ཁྱོད་ཀྱི་དགོད་སྒྲ་དང་འཛུམ་མདངས་དེ་བསིལ་རླུང་བཞིན།དཔྱིད་དཔལ་བཞིན།ཁུ་བྱུག་བཞིན།མྱུར་དུ་ངེད་ཅག་ཀུན་གྱི་མཐོང་སྣང་དུ་འགྱུར་བར་རེ་སྒུག་བྱེད་བཞིན་ཡོད།
  • ལེ་ཚན་སྔོན་མ།:གང་ཟག་ལ་གང་ཟག་གིས་ཚད་མི་ཐུབ།
  • ལེ་ཚན་རྗེས་མ།:ས་སྲོས་ཀྱི་འཆར་སྒོ།