ས་སྲོས་ཀྱི་འཆར་སྒོ།

        2011-04-13

དེ་རིང་གི་མཇུག་མཐའི་འགྲུལ་པ་དང་ངའི་སྦྱིན་བདག་གི་རྐང་བ་པང་གཅལ་སྟེང་ནས་གཙང་འགྲམ་གྱི་གྲམ་པ་རློན་པར་སྤོས་པ་ནས་ལུས་ཐོག་གི་ཁུར་པོ་ཆ་ཚང་ཕོག་ཟིན་པའི་སྣང་བ་བདེ་ཤིག་ཤིག་ཅིག་ངའི་ལུས་ཕུང་ཡོངས་ལ་ཁྱབ།ཉིན་གང་བོར་གཙང་ཆུའི་ནང་དབུགས་སུབ་ཐེབས་པའི་ལུས་པོའི་ཆ་ཤས་དེ་ཡང་རེ་ཞིག་ཆུ་ཁར་ཐོན་པའི་སྐལ་བ་ཐོབ་པས་དབུགས་རྔུབ་འཐེན་རིང་བོ་ཞིག་བྱས། མཐའ་མཇུག་གི་འགྲུལ་པ་དེའི་ངོ་གདོང་ཧྲིལ་བོར་རྔུལ་ཆུ་ཐོན་ཤུལ་གྱིས་གང་བ་དང་།སྐེད་པར་ཟད་ནས་འོད་ཐོན་པའི་བཙས་མ་རྔ་བྱེད་ཀྱི་ཟོར་བ་ཞིག་གཟེད་འདུག དེ་རིང་ངས་།ཉམས་འགྱུར་དང་བཟོ་ལྟ་ཁོ་དང་འདྲ་བའི་མི་མང་བོ་ཞིག་ཕར་སྐྱེལ་ཚུལ་བསུ་བྱས་ཤིང་།ནམ་དུས་ཀྱི་སོ་ནམ་ལངས་པས་ཁོ་ཚོ་ཚང་མ་གཅིག་མཚུངས་ཀྱི་ལས་ཀ་བྱེད་པར་སོང་བ་དང་ཧ་ལམ་གཅིག་མཚུངས་ཀྱི་གོམ་པ་སྤོ་བཞིན་ལས་ཐག་བཅད་ནས་ལོག སྦྱིན་བདག་གིས་ལྕགས་ཐག་སྦོམ་པོ་དེས་ང་གཙང་འགྲམ་དུ་བརྒྱབ་པའི་ལྕགའ་ཕུར་སྦོམ་པོ་དེ་དང་སྦྲེལ་ཅིང་།དེ་ནས་འགྲུལ་པ་དེ་དང་མཉམ་དུ་ལག་གཉིས་རྒྱབ་ལག་དང་བཅས་སྐེད་པ་ཅུང་སྒུར་པའི་ངང་གྲོང་ཚོའི་ནང་དུ་ལོག
 གཙང་པོར་བརྒལ་རྗེས་གྲུ་ཆུང་ལ་ཕྱིར་བལྟས་སློག་མཁན་ཧ་ཅང་ཉུང་བ་དང་།གལ་ཏེ་ཕྱིར་བལྟས་སློག་པའི་དབང་དུ་བཏང་ནའང་དེ་ནི་སོ་སོའི་ཅ་དངོས་གྲུ་ཆུང་དུ་ལུས་ཡོད་མིན་ཞིབ་བཤེར་བྱེད་མཁན་ཡིན་པ་ལས་གྲུ་ཆུང་ལ་ལྟ་བ་གཏན་ནས་མིན།དེ་རིང་གི་མཐའ་མཇུག་གི་འགྲུལ་པ་དེར་གྲུ་ཆུང་དུ་ལུས་དོགས་ཀྱི་ཅ་དངོས་གང་ཡང་མེད་པས་སོ་སོའི་དོན་གང་ཞིག་ལ་བསམ་བློ་གཏོང་བཞིན་གོམ་པ་མདུན་དུ་སྤོ་བ་ལས་ཕྱིར་ལྟ་བྱེད་མཁན་མ་བྱུང་།འོན་ཀྱང་མཉན་པ་ནི་ཇི་ལྟར་ནའང་ངའི་སྦྱིན་བདག་ཡིན་པ་དང་ཁོང་གི་ལས་དབང་ང་དང་དམ་པོར་འབྲེལ་ཡོད་པས་མདུན་དུ་གོམ་པ་ཁ་ཤས་སྤོས་མཚམས་ཕྱིར་བལྟས་ཤིག་བསློགས་པ་དང་གྲུ་ཆུང་དམ་པོར་བཏགས་ཡོད་མེད་ལ་སྣང་འཇོག་བྱས།ཁོང་གཉིས་གྲོང་ཚོའི་ནང་དགོང་ཐུག་སྐོལ་བའི་དུ་ཞགས་ཀྱི་དར་སེང་ཁྲོད་དུ་ཡལ་བས་ལྷིང་འཇགས་ཀྱི་གཙང་གཞུང་ཧྲིལ་བོ་ང་ལ་ཡོངས་སུ་དབང་ངོ་། ངས་སྒལ་པར་བརྟེན་ནས་གཙང་པོ་སྒྲོལ་མཁན་ཕལ་མོ་ཆེ་ངོ་ཤེས་པ་དང་ཁོ་ཚོ་ཚང་མའི་ཁྱིམ་ཚང་གི་གནས་ཚུལ་དང་མི་སོ་སོའི་མི་ཚེའི་རྣམ་ཐར།དེ་བཞིན་ཕན་ཚུན་གྱི་འབྲེལ་བ་ཡང་རྟོགས།ཁོ་ཚོ་ཚང་མ་གཙང་པོའི་གཡས་གཡོན་དུ་ཆགས་པའི་གྲོང་ཚོའི་མི་ཡིན་པ་དང་མི་རབས་ན་མི་རབས་སུ་གཙང་གཞུང་དུ་འཚོ་བ་བསྐྱལ་ནས་སྡོད་མཁན་ཁོ་ན་ཡིན་པས་ཁོ་ཚོ་གྲུ་ཆུང་ནང་འཛུལ་སྐབས་ཀྱི་རྣམ་འགྱུར་ལ་བལྟས་པ་ཙམ་གྱིས་ཁོ་ཚོའི་སེམས་ནང་གི་དགའ་སྐྱོ་ཁྲོ་སྡང་ཤེས་ཐུབ།སྐབས་འགར་སྐྱེ་བོ་རྒྱུས་མེད་རེ་གཉིས་ཡོང་ན་ཁོ་ཚོའི་ལུས་ཐོག་ནས་ཡུལ་འདིའི་སྐྱེ་བོ་ལ་མེད་པའི་ཉམས་འགྱུར་ཞིག་དང་དྲི་རྒྱུས་མེད་ཅིག་ལྡང་རྒྱུ་ཡོད་ནའང་ཡུན་རིང་བོ་མི་འགོར་བར་ཡུལ་འདིའི་ས་ཆུར་འདྲིས་པ་དང་ཡུལ་འདི་གའི་སྐྱེ་བོ་ཚོ་དང་འདྲ་མཉམ་དུ་འགྱུར་བས་ངས་ཁོ་ཚོའི་ཐོག་ནས་མི་འདྲ་ས་གང་ཡང་རྙེད་རྒྱུ་མེད་པར་གྱུར།   ང་ཐོག་མར་ས་འདིར་འབྱོར་མ་ཐག་པའི་སྐབས།འདི་གའི་སྐྱེ་བོ་ཚང་མས་ཡ་མཚན་གྱི་འདྲེན་བྱེད་ཀྱིས་ང་ལ་ལྟ་བ་དང་ཚང་མའི་བཞིན་ལས་ཧ་ལས་པ་དང་ཡིད་ཆེས་བྲལ་བའི་རྣམ་འགྱུར་མངོན་ཡོང་།འོན་ཀྱང་ང་འབྱོར་པས་མི་རབས་དུ་མར་ཞབས་འདེགས་ཞུས་མྱོང་བའི་ཀོ་གྲུ་ནག་ཆུང་དེ་རྒན་ཡོལ་ཞུས་པ་དང་།སོ་སོར་བདག་པོའི་གཙང་གཞུང་ནས་དུས་གཏན་དུ་བྲལ་པའི་ལས་ལ་བཟློག་ཐབས་གང་ཡང་མ་བྱུང་ལ།
འདི་གའི་མི་རྣམས་ཀྱང་ང་དང་གྲོགས་པོ་མི་བསྒྲིག་ཀ་མེད་དུ་གྱུར།དུས་ཡུན་རིང་པོ་མ་སོང་བར་ང་དང་གཙང་གཞུང་གི་སྐྱེ་བོ་རྣམས་རྦད་དེ་འདྲིས་ནས་སྐྱེ་བོ་གསར་པ་ཚོ་དང་འདྲ་བར་ཚང་མ་ས་འདིར་དབང་བ་དང་ཚང་མ་ས་འདིའི་བདག་པོར་གྱུར།
ད་ལྟ་གྲོང་ཚོའི་ནང་གི་སྐྱེ་བོ་ཚང་མ་རང་རང་གི་གནས་མལ་དུ་འཁོད་པ་དང་འབྱོར་ཕྱུག་དང་དགའ་སྐྱོའི་དབྱེ་བ་གང་ཡང་མེད་པར་དགོང་ཟས་གྲ་སྒྲིག་བྱེད་བཞིན་ཡོད་ཚུལ་ནི་ཐར་ཐོར་དུ་ཆགས་པའི་ཁང་ཁྱིམ་སོ་སོའི་དུ་ཁུང་ནས་དལ་བྲེལ་མེད་པར་ཐོན་བཞིན་པའི་སྔོ་ལྷོག་ལྷོག་གི་དུ་བ་ལས་རྟོགས་ཐུབ།
 གཙང་འགྲམ་སླར་ཡང་ལྷིང་འཇགས་སུ་གྱུར།
སྒོ་ཕྱུགས་ཆེ་ཆུང་ཚང་མས་ལྕི་བ་དང་རིལ་མ་གཏོང་བཞིན་བྲེལ་སྔངས་སྤངས་ནས་རྡོ་ལས་གྲུབ་པའི་ར་བ་ནག་ཁུང་ནང་འཛུལ་ཏེ་ངལ་གསོར་ཞུགས་པ་དང་།རྩེད་མོར་དགའ་བའི་བྱིས་པའི་ཁྱུ་གྲོང་ཚོའི་དབུས་ཀྱི་ཐང་སྡེར་ཐོག་འཛོམས་ནས་གབ་རེས་འུབ་རེས་ཀྱི་རྩེ་མགོ་ཚུགས།འདམ་བྱིའུ་ཁ་ཤས་སྒྲ་མེད་པར་ངའི་མགོ་ཐོད་ནས་མདའ་འཕངས་པ་བཞིན་ཕར་ཚུར་འཕུར་ཞིང་ལྡིང་ཚུལ་ལ་བལྟས་ན་ད་དུང་ཅི་ཞིག་འཐོབ་རེ་བྱེད་པའམ་ཡང་ན་ང་ལ་ཡུད་ཙམ་སྡོད་གྲོགས་བྱེད་འདོད་ཡོད་པ་དང་འདྲ།འགྲུལ་པ་ཕྱེད་ཀ་ཙམ་ལས་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་མཚམས་སྤྲིན་གྱི་འོད་མདངས་ཕོག་ནས་དམར་སེར་དུ་གྱུར་པའི་གཞུང་ལམ་སྟེང་གཅིག་པུར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བཞུད་སྟངས་ལ་བལྟས་ན།ཞོགས་པ་གྲོང་ཁྱེར་ནས་ཐོན་སྐབས་འགྲུལ་པ་གང་བ་མ་འབྱོར་པའི་ཁར་ལམ་བར་དུ་སྐྱོན་ཤོར་ནས་འགོར་འགྱང་བྱུང་བ་ཐག་གིས་ཆོད།དེས་མིན་ན་འགྲུལ་པ་གཞན་དག་སྔ་ས་ནས་རང་རང་གནས་མལ་དུ་འབྱོར་ཟིན་པ་དང་སྐབས་འདིར་རླངས་འཁོར་གྱི་འགྲུལ་བཞུད་པ་ཧ་ལམ་ཆད་ནས་གཞུང་ལམ་ཧྲིལ་གཙང་འགྲམ་བཞིན་འཇམ་ཐིང་ཐིང་དུ་གནས། ཉིན་མོའི་རིང་གི་འཁྲུག་ཆ་དོད་པོ་དེ་གར་སོང་ཆ་མེད་དུ་གྱུར་ནས་གཙང་འགྲམ་དུ་ང་གཅིག་པུར་ལུས།གལ་ཏེ་ང་ཀོ་གྲུ་ནག་ཆུང་ཡིན་ན་མཉན་པས་སྒལ་པར་ཁུར་ནས་ཀོ་གྲུའི་ཁང་ཆུང་ནང་འཇོག་པ་དང་ཁང་ཆུང་ཇི་ལྟར་ཞན་ནའང་མཚན་མོའི་རིང་ལུས་ཐོག་གི་ཆུ་རལ་ཐིགས་ནས་གཉིད་ལྷོད་པོ་ཞིག་འོང་རྒྱུ་ཡོད།གལ་ཏེ་ང་གྲུ་ཆེན་ཞིག་ཡིན་ན་གློག་འཕྲུལ་གྱི་འུར་སྒྲ་དང་གློག་འོད་ཀྱི་གཟི་མདངས་རྟག་ཏུ་འཕྲོས་ནས་ཡལ་བར་མི་སྲིད་ལ་གྲུ་དཔོན་དང་གྲུ་སྲུང་གིས་རེས་མོས་ཀྱིས་ང་ལ་སྐོར་གཡེང་བྱེད་སྲིད་པས་དེ་ནི་ཅི་འདྲའི་གཟི་བརྗིད་དང་སྤྲོ་སྣང་རེད་ཨང་།འོན་ཀྱང་ང་ནི་ཆེས་སྤྱིར་བཏང་གི་གྲུ་ཆུང་ཞིག་ཡིན་པས་ཀོ་གྲུ་ནག་ཆུང་གི་སྟབས་བདེ་དང་གནའ་ཉམས་མེད་ལ་གྲུ་ཆེན་ལྟར་གྱི་གཟི་བརྗིད་དང་སྟོབས་ཤུགས་མེད་པར་གཙང་པོའི་གཡས་གཡོན་གྱི་གྲོང་ཚོ་ཐར་ཐོར་འདི་དག་གི་སྐྱེ་བོ་དང་དུད་འགྲོ་སྒྲོལ་རྒྱུ་ཁོ་ན་ངའི་ཕྲག་ཐོག་ཏུ་བབས་ལ།
ས་སྲོས་བསླེབས་ཐེངས་རེ་བཞིན་ང་གཅིག་པུར་གཙང་འགྲམ་དུ་ལྕགས་ཐག་ལ་འཇུས་ཏེ་སྡོད་རྒྱུ་དེ་ངའི་འགྱུར་མེད་ཀྱི་གཏན་སྲོལ་དུ་གྱུར།འོན་ཀྱང་དེ་ནི་སྐྱོ་སྣང་དང་ཡུལ་སྣང་གང་ཡང་མིན་པར་དེ་ནི་ལྷིང་འཇགས་དང་ཏིང་འཛིན་གྱི་གོ་སྐབས་ཤིག་ཡིན་ལ།དེ་ནི་ངལ་གསོ་དང་རོལ་མྱོང་གི་གོ་སྐབས་ཤིག་ཀྱང་ཡིན།ས་སྲོས་ཀྱི་མཚམས་སྤྲིན་དང་ནུབ་མཐའི་འོད་ལྷག་གཙང་གཞུང་དུ་ཕོག་པའི་ཉམས་འགྱུར་ནི་ཅི་འདྲའི་ལྟ་ན་སྡུག་པ་ཞིག་རེད་ཨང་།ཀྱག་ཀྱོག་གི་བཤུལ་ལམ་ནས་གྱ་གྱུའི་གོམ་འགྲོས་སྒྱུར་བའི་གཙང་ཆུ་ལ་ནུབ་མཐའི་འོད་མདངས་ཕོག་ནས་གཙང་གཞུང་ཧྲིལ་པོ་འཇའ་ཚོན་གྱ་མ་གྱུ་ཞིག་ཏུ་གྱུར་པ་དང་།གཙང་གཞུང་གི་བྱེ་གླེ་དང་ཚང་ཚིང་ལོ་མ་སེར་པོ་གནམ་མཐའི་མཚམས་སྤྲིན་དང་གཅིག་ཏུ་འདྲེས་པས་མཚམས་སྤྲིན་གྱི་འཚེར་མདངས་གཙང་གཞུང་དུ་འཕོས་སམ།ཡང་ན་གཙང་གཞུང་གི་བཀྲག་མདངས་ནམ་མཁར་འཕོས་སམ་འཕྱང་མོ་ཉུག ཆུ་ལྷའི་འོད་མདངས་ཇེ་ཆུང་དུ་སོང་བ་དང་སྦྲགས་ཁོར་ཡུག་རིམ་གྱིས་མག་མོག་ཏུ་གྱུར་པ་དང་གཙང་ཆུའི་ངོས་ལ་འཕོས་པའི་འོད་མདངས་ཀྱང་ཇེ་ཕྲར་སོང་སྟེ་མཐར་གཙང་ཆུ་དང་གཙང་འགྲམ་མ་ལུས་ནམ་མཁའ་དང་གཞིག་གཅིག་ཏུ་གྱུར་ནས་ནམ་མཁའ་གཙང་གཞུང་དུ་འཕོས་པ་དང་གཙང་གཞུང་ནམ་མཁར་འཕོས་མིན་མིག་གིས་འབྱེད་པར་དཀའ། རྣ་བར་ཐོས་པ་ནི་རྒྱུས་མངའ་ཆེ་བའི་གཙང་ཆུའི་བཞུར་སྒྲ་ཡིན་པ་དང་མཉམ་དུ་འགྲོགས་པ་ནི་སྐད་ཅིག་དལ་ཁོམ་མེད་པའི་གཙང་ཆུ་ཡིན་ཞིང་།དེ་ནི་ཐག་རིང་གི་ལུང་ཤུར་མི་འདྲ་བ་ནས་བཞུར་ཡོང་བ་དང་གངས་རི་ཆེ་ཆུང་འདྲ་མིན་ནས་བབས་འོངས་པ་ཤ་སྟག་ཡིན་པས།ངོ་བོ་འདྲ་ཞིང་རྒྱུས་མངའ་ཡོད་ལ་སྐད་ཅིག་མི་སྡོད་པར་བཞུར་འགྲོ་བས་རྒྱུས་མེད་ཀྱི་མགྲོན་པོ་ཞིག་ཀྱང་རེད།འཇམ་ལ་མཉེན་པའི་གཙང་ཆུའི་ཡན་ལག་གིས་ངའི་བྲང་ཁར་ཡང་མོ་རེ་རྡེབ་བཞིན་ཕྱི་བལྟས་མེད་པར་བཞུར་འགྲོ་བའི་ཚུལ་ནི་ཁོང་ཚོས་ང་གཉིད་ལྕོག་བརྒྱག་པར་དོགས་ནས་དྲན་སྐུལ་བྱེད་པ་འདྲ་ལ།ཁོ་ཚོས་མཛའ་བརྩེའི་རྣམ་འགྱུར་སྟོན་བཞིན་གཡབ་མོ་བྱེད་པ་དང་ཡང་མཚུངས།དེ་གར་ཡང་ཡང་འབྱོར་བའི་མགྱོགས་འགྲོ་ཀྱང་ངའི་ལུས་པོ་དཀྲུག་དཀྲུག་གིས་སྐུལ་བར་བྱེད་སྟངས་ལ་བལྟས་ན་ཁོ་ཚོས་ང་ལ་མཉམ་དུ་བཞུད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་པ་ཐག་ཆོད།ཕྱི་ངོས་ཀྱི་འཇིག་རྟེན་འཇའ་ཚོན་ཇི་བཞིན་མཛེས་ཞེས་ཤོད་སྲོལ་ཡོད་པས་གལ་ཏེ་ང་ཁོ་ཚོ་དང་འགྲོགས་ནས་བཞུད་ཚེ།གཅིག་བྱས་ན་གློག་འོད་རབ་ཏུ་བཀྲ་བས་ཉིན་མོའི་སྣང་བ་འཕྲོག་པར་བྱེད་པ་དང་འཁྲུག་ཆ་དོད་པས་ཉིན་མཚན་གྱི་ཁྱད་པར་མེད་པའི་གྲུ་ཁ་ཞིག་ཏུ་འབྱོར་ནས་གཟི་བརྗིད་དང་སྤྲོ་སྣང་གཉིས་ལྡན་གྱི་བསོད་ནམས་བགོ་སྐལ་དུ་འབབ་སྲིད་ལ།གཅིག་བྱས་ན་མཐའ་ཡས་རྒྱ་མཚོ་ཆེན་པོའི་འབྱོར་ནས་ཕྱོགས་བཞིའི་ཁ་ཕྱོགས་མི་ཤེས་པར་གོ་མེད་ཚོར་མེད་དང་རྣམ་གཡེང་ངང་མཚོ་ཀློང་ནས་ཚེ་རྒྱུན་འཁྱོལ་ཡང་སྲིད།དེ་ལྟ་ནའང་ཁོ་བོ་ནི་ས་འདིར་དབང་བ་དང་སྔར་བཞིན་གཙང་པོའི་གཡས་གཡོན་གྱི་སྐྱེ་བོ་འདི་དག་ལ་ཡོད་ཆེས་ཤིང་།ཁོ་ཚོ་ནག་འཐིབས་འཐིབས་ཀྱི་རྡོ་ཁང་ནང་དབེན་ཐིང་ངེར་གནས་པ་དང་ང་དབེན་ཞིང་འཇམ་པའི་གཙང་གཞུང་དུ་གཅིག་པུར་སྡོད་པ་གཉིས་ལ་ཁྱད་པར་གང་ཡང་མེད་པ་དང་།སུ་ཡང་སུ་ལས་ལྷག་པ་མེད་པ་དང་སུས་ཀྱང་སུ་ལ་གྱོང་གུད་བཏང་བ་མེད་ལ།ངེད་གཉིས་ཀྱི་ལས་དབང་དང་གཤིས་རྒྱུད་གཅིག་ཏུ་འདྲེས་ཟིན་པས་ང་གནས་འདི་ནས་འབྲལ་ཅི་ལ་བཟོད།ཉིན་བྱེད་ཀྱི་འོད་སྣང་གཙང་གཞུང་དུ་འཕྲོས་པའི་ཚེ་སླར་ཡང་ངའི་རྒྱུས་མངའ་ཅན་གྱི་གཙང་འགྲམ་མཛེས་ཤིང་འཁྲུག་ཆ་དོད་པ་དང་དོན་ཡོད་པར་འགྱུར་རྒྱུ་ཡིན་པས་ངའི་ཕུ་ཐུང་ནས་ཡང་ཡང་འཐེན་བཞིན་བཞུར་འགྲོ་བའི་རོགས་ཟླ་དེ་དག་རང་དགར་བཞུར་དུ་བཅུག་ཐོག་སྐྱ་རེངས་ཀྱི་འོད་སྣང་གསར་བ་འཆར་བར་སྒུག།
  • ལེ་ཚན་སྔོན་མ།:རེ་སྨོན།
  • ལེ་ཚན་རྗེས་མ།:ཤོ་རྒྱག་རྒྱལ་སྐུགས་བྱ་བ་ཚར་བཅད་དེ། །རིགས་ཀྱི་ཡར་བསྐྱེད་སྙིང་སྟོབས་ཤུགས་ཀྱིས་གསོ། །