འདུ་ཤེས།

རྔ་བ། རླུང་གིས།        2011-03-21

འདིར་གླེང་བར་བྱ་བ་ནི་རིགས་ཤིག་གི་གཞིས་ཁྱིམ་དྲོན་མོར་འཁྱིལ་བའི་བསམ་བློ་གཅིག་སྒྲིལ་གྱི་འདུ་ཤེས།སྤྱི་མཐུན་གྱི་ཁོར་ཡུག་ལས་རིགས་གཅིག་རྐང་འཛིན་བྱེད་པའི་འདུ་ཤེས།སྤྱི་ཚོགས་འདིའི་ཁྲོད་དུ་ཅི་ནུས་ཀྱིས་ཕན་བདེ་འབྱུང་བར་བརྩོན་པ་བསྐྱེད་པའི་འདུ་ཤེས་སོ།།
     ༡
     ང་ཚོ་ནི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་སའི་གོ་ལའི་མཐོ་སར་རང་སྐྱ་ཐུབ་པར་གཞིས་སྡོད་བྱས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཤིག་ཡིན་ལ།མེད་པ་གསར་བཏོད་དང་ཡོད་པ་གོང་སྤེལ་དུ་གཏོང་ཐུབ་པའི་རིག་གནས་དང་དཔལ་ཡོན་ལྡན་པའི་མི་རིགས་ཤིག་ཡིནཔས་མ་ཟད།གདུང་རྒྱུད་གཅིག་ལས་མཆེད་ཀྱང་ཁྲག་རྒྱུན་ལྷན་དུ་སྦྲེལ་བའི་བྲག་སྲིན་དང་སྤྲེའུའི་མི་རྒྱུད་ཡིན་པར་གདོན་མི་ཟ།འདི་ལྟའི་ཁྱིམ་གཞི་གཅིག་གི་མངའ་ཁོངས་ནས་འཕེལ་རྒྱས་ངང་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་མི་རིགས་འདི་དུས་རབས་འདིའི་ཁྲོད་དུའང་གནས་ཐུབ་པ་བྱུང་ཡོད་མོད།འོན་ཀྱང་ང་ཚོའི་བསམ་བློའི་འཁོར་ཕྱོགས་སུ་གནའ་དེང་ངམ་སྐྱ་སེར་ཞེས་པའི་ཁ་བྲལ་ལམ་འཕུང་དཀྲུག་གི་འདུ་ཤེས་ལྕི་མོ་ཞིག་དུས་རབས་སྔོན་མའི་མཇུག་ཙམ་ནས་བྱུང་འགོ་བརྩམས།
     དུས་རབས་འདིའི་འགོ་ནས་འདུ་ཤེས་དེས་བསྐྱེད་པའི་མི་ཚོགས་ཇེ་མང་དུ་སོང་སྟེ་སྲོལ་རྒྱུན་དང་དེང་རབས་ཞེས་པའི་ཚོ་ཁག་གཉིས་པོས་ཡབ་མེས་ཀྱི་དུར་ཁང་དུ་ངོ་ནོངས་དགོས་པའི་མཛད་སྤྱོད་ཅིག་གི་དུར་བྱང་བཙུགས་པ་ནི་མི་རིགས་འདི་ཁ་འཐོར་དུ་འགྲོ་བའི་ནང་རྐྱེན་ངོ་མ་དེ་ཡིན་པར་འདོད་ལ།མི་རིགས་འདིའི་མ་འོངས་འཕེལ་རྒྱས་ཀྱི་ལམ་ཁ་འགོག་པའི་འོབ་དོང་ཞིག་དེ་བས་ཡིན་པར་འདོད།
     སྲོལ་རྒྱུན་མེད་པའི་མི་རིགས་ལ་དཔལ་ཡོན་གྱི་འབྱུང་རྩ་མེད་ལ་རིག་གནས་ཀྱི་མ་ལག་དེ་བས་མེད།དེང་རབས་མི་མཁོ་བའི་མི་རིགས་ལ་སྤྱི་ཚོགས་འདིའི་ཁྲོད་ཡར་རྒྱས་མི་འབྱུང་བར་དུས་རབས་ཀྱི་རྗེས་སུ་ལུས་སྲིད།དེར་བརྟེན་ཡབ་མེས་དམ་པའི་བློ་གྲོས་དང་འབད་བརྩོན་ལས་ཐོན་པའི་སྲོལ་རྒྱུན་ནམ་གནའ་བོའི་དཔལ་ཡོན་རྒྱུད་འཛིན་བྱེད་པ།བརྡ་འཕྲིན་དུས་རབས་ཀྱི་ཚན་རྩལ་གསར་པའི་རིག་པ་ནང་འདྲེན་དང་སློབ་གཉེར་བྱེད་པ་གཉིས་ཟུང་འབྲེལ་ཐུབ་ཚེ་གནའ་བོའི་དཔལ་ཡོན་ལ་དེང་རབས་ཀྱི་མཐའ་བརྒྱན་ལྡན་ལ་གནའ་བོའི་མི་རིགས་འདི་དུས་རབས་འདིའི་ཁྱད་ཆོས་ལྡན་པའི་མཆོག་གྱུར་གྱི་མི་རིགས་ཤིག་ཏུ་དེ་བས་འགྱུར་སྲིད།
     ཡབ་མེས་དམ་པའི་བློ་གྲོས་ཀྱི་སྙིང་བཅུད་ལ་མ་རོལ་བར་དུས་རབས་གསར་བའི་ཚན་རྩལ་ཁོ་ནས་མི་ཚོགས་འདིའི་གཞིས་ཁྱིམ་གྱི་གནས་བབ་བམ་རྣམ་པ་བསྒྱུར་བར་འདོད་ཚེ།དེ་ནི་རྩ་བ་བོར་ནས་ཡལ་གར་རེ་བ་ལྟ་བུ་དང་མ་མི་དགོས་པར་བུ་སྐྱེ་བར་འདོད་པ་དང་ཨ་ན་མ་ན་རེད།དེར་བརྟེན་ང་ཚོས་སྲོལ་རྒྱུན་གྱི་རྨང་རྡོ་ལ་བརྟེན་ཏེ་དེང་རབས་ཀྱི་ཁང་བཟང་བཞེངས་ན།རྩ་བ་བརྟན་ལ་རྩེ་མོ་མཛེས་པའི་གཞལ་ཡང་ཁང་ཆེན་བསྐྲུན་པ་ཡིན་ལ་དེང་དུས་འཛམ་གླིང་གི་སྤྱི་ཚོགས་ཁྲོད་བརྟན་པོར་ལངས་ཐུབ་པའི་མི་རིགས་ཤིག་ཀྱང་ཡིན་སྲིད།དེས་མ་ཟད་བསམ་བློ་གཅིག་ཏུ་སྒྲིལ་ཞིང་ནུས་པ་གནད་དུ་འཁེལ་ཐུབ་པའི་སའི་གོ་ལའི་ཀླད་ལྟག་གི་ནམ་ཡང་མི་ནུབ་པའི་རྡོ་རིང་ཞིག་དེ་བས་ཡིན་སྲིད།
     ༢
     སྤྱིར་ང་ཚོས་མི་རིགས་འདིར་ཤེས་ལྡན་པའི་ཁ་གྲངས་ཧ་ཅང་ཉུང་ལ་ཡོད་པ་དག་གིས་རང་ས་ནས་ལྟ་བ་མཁྲེགས་འཛིན་གྱི་ནད་ཡམས་མ་སེལ་བར་ཁྱོད་ཤི་ང་གསོན་གྱིས་བར་སྟོང་ཆུང་ཆུང་འདི་ནས་འཕག་འཚག་བྱེད་བཞིན་ཡོད་པ་ནི་ཇི་འདྲའི་ཁོ་ཆད་སྐྱེ་དགོས་པའི་གནས་ཤིག་རེད་ཨང་།
     ང་ཚོའི་ཤེས་ལྡན་པའི་དཔུང་ཁག་ཏུ་དེང་རབས་དང་སྲོལ་རྒྱུན་གྱི་གྲུབ་མཐའ་གཉིས་ཡོད་ལ།གྲུབ་མཐའ་དེ་གཉིས་པོས་ཕྱོགས་མང་པོ་ཞིག་ནས་ར་ལུག་ནང་འཁྲུག་གི་རྣམ་ཐར་ཞིག་གི་མཇུག་མ་རྫོགས་པར་དེ་རིང་གི་བར་དུ་ལུས།དེང་རབས་གྲུབ་མཐར་འབོད་པ་ནི་སློབ་གླིང་རིམ་གྱིས་འགྲིམ་སྟེ་མཐའ་སློབ་ཆེན་གྱི་མིང་རྟགས་ཐོབ་པའི་སྐྱ་བོའི་རུ་དཔུང(གྲྭ་བ་ཁ་ཤས་ཚུད)དེ་ཡིན་ལ།རུ་དཔུང་ངམ་གྲུབ་མཐའ་དེའི་མཐར་ཐུག་གི་ཆེད་སྦྱངས་མང་ཆེ་བ་ནི་རྩོམ་རིག་ཡིན།སྤྱིར་རྩོམ་རིག་གིས་མིའི་རིགས་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་དང་སྙིང་སྟོབས་འགྱུར་མེད།མཐུན་ལམ་གཅིག་འཚོལ་གྱི་ནང་སེམས་ནས་སྒྱུ་རྩལ་རང་བཞིན་གྱི་སློབ་གསོ་ཞིག་དང་སྟོབས་ཤུགས་ཤིག་སྦྱིན་དགོསཔ་ཡིན་མོད།འོན་ཀྱང་ང་ཚོས་དེང་རབས་གྲུབ་མཐའི་མི་འབོར་ཆེན་ཞིག་གིས་ལྟ་བ་གསར་པ་ཞེས་པའི་འབོད་ཚིག་ཅིག་གི་དར་ཆ་ཕར་ཏེ་སྲོལ་རྒྱུན་གྲུབ་མཐའི་ལྕགས་རི་ལ་ཕྱོགས་འདྲ་མིན་ནས་འཇབ་རྒོལ་བྱེད་བཞིན་ཆེད་སྦྱང་དེའི་མཐར་ཐུག་གི་དམིགས་ཡུལ་དེ་མི་རིགས་འདིའི་རྩ་བའི་ཁེ་ཕན་ཡོངས་སུ་བོར་སོང་།
     སྲོལ་རྒྱུན་གྲུབ་མཐར་འབོད་པ་ནི་དགོན་པའི་སློབ་གསོ་མྱངས་མཁན་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་གྲྭ་པ་ཡིན(སྐྱ་བོ་ཁ་ཤས་ཚུད)།ཁོང་ཚོར་ཡིག་རྨོངས་མ་སེལ་ཞིང་ཆོས་ལ་མཐའ་གཅིག་ཏུ་དད་མོས་བྱེད་པའི་རོང་འབྲོག་མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད།གྲུབ་མཐའ་དེའི་སྦྱང་བྱ་གཙོ་བོ་ནི་ནང་དོན་རིག་པ་སྟེ་འཁོར་བའི་སྡུག་བསྔལ་ལས་གྲོལ་ཞིང་ཞི་བ་མྱངས་འདས་ཀྱི་གོ་འཕང་བསྙེགས་པའམ་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་ཏེ་ཐར་བ་འཐོབ་པར་བྱེད་པ་དེ་ཡིན་པར་འདོད།འོན་ཀྱང་ཕྱོགས་་འདྲ་མིན་ནས་དེང་རབས་གྲུབ་མཐའི་ལངས་ཕྱོགས་དང་བསམ་ཕྱོགས་ལ་རྒོལ་བ་རྒྱག་པ་དང་རྩོད་པ་བྱེད་པ།ཐ་ན་གང་དེའི་མི་གཞིར་རྡོག་བརྫིས་བཏང་ནས་བདུད་དང་འདྲེ་ཡི་མིང་ངན་བཏགས་ཏེ་མི་རིགས་འདིའི་སྤྱི་ཚོགས་ཁྲོད་བྱ་བ་སྒྲུབ་མི་ཐུབ་པ་བྱེད་བཞིན་ཡོད་པ་ནི་གྲུབ་མཐའ་དེའི་མཐར་གྱི་དམིགས་ཡུལ་མ་སྒྲུབ་པར་འཁོར་བའི་ཞེ་སྡང་ལ་འགྲན་སློང་བྱེད་བཞིན་ཡོད་པ་དཔེ་མཚོན་དུ་ངེས།འདི་ལྟའི་གྲུབ་གཉིས་པོའི་ཁོངས་སུ་མི་རིགས་འདིའི་སྐྱ་སེར་ཡོངས་ཚུད་མེད་ནའང་གྲངས་འབོར་དང་གཞི་རྒྱ་ཆེ་ཙམ་ཆགས་ཡོད་པ་དེས་གཟུགས་མེད་སྒོས་སྣེ་ཁྲིད་དང་སློབ་སྟོན་མཁོ་བའི་མང་ཚོགས་ཀྱི་སེམས་སུ་ཤུགས་རྐྱེན་ངན་པའི་དྲི་མ་བགོས་རྐྱེན་ང་ཚོ་རྨོངས་པ་དེ་ལས་སད་རན་འདུག
     དུས་རབས་འདི་དང་མ་འོངས་པའི་སྤྱི་ཚོགས་ཁྲོད་ང་ཚོའི་མི་རིགས་འདི་ལེགས་པོར་གནས་ཐུབ་དགོས་ཚེ་ངེས་པར་དུ་དེང་དུས་བོད་ཀྱི་ཤེས་ཡོན་པའི་གྲངས་འབོར་ཆེ་རུ་ཆགས་དགོས།དེ་ནི་ཐུན་མོང་མ་ཡིན་པའི་བོད་མི་རིགས་རང་གི་རིག་གཞུང་ལ་མཁས་ཤིང་གཞན་ནམ་དེང་རབས་ཚན་རྩལ་རིག་པར་རྒྱུས་མངའ་ཡང་དག་ཡོད་མཁན་ཞིག་ཏུ་ཆགས་རྒྱུ་དེ་ཡིན།དེ་གཞིར་བཞག་གི་རྨང་གཞིའི་སྟེང་དུ་ཆེད་ལས་ཅན་གྱི་ཕྱོགས་སུ་རིམ་བགྲོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།དེའང་མཐའ་གཅིག་ཏུ་གླེང་ཚེ་རིགས་གཅིག་རྐང་འཛིན་གྱི་མི་འབོར་ཆེ་རུ་འགྲོ་བ་དང་དེས་ང་ཚོའི་སྤྱི་ཚོགས་ཀྱི་དགོས་འདུན་ལེགས་པོར་བསྐང་ཐུབ་པས་སོ།།
     འཛམ་གླིང་གི་མི་རིགས་སུ་ལ་མཚོན་ནའང་མི་རིགས་དེའི་གནའ་བོའི་དཔལ་ཡོན་གཞིར་བཞག་གི་འོག་ནས་གསར་པ་ནང་འདྲེན་དང་སློབ་གཉེར་ཡང་དག་བྱས་ཏེ་མཐར་རིགས་གཅིག་རྐང་འཛིན་གྱི་མི་འབོར་ཆེ་རུ་ཕྱིན་ནས་དེ་རིང་གི་འཕེལ་རྒྱས་བྱུང་བ་ལས་གནའ་དེང་ཡ་བྲལ་གྱིས་དེ་ལྟའི་གནས་སུ་ཐོན་མི་ཐུབ་པའི་དཔེ་མཚོན་དུ་ང་ཚོའི་མི་རིགས་འདི་གསོན་གསོན་རྗེན་རྗེན་དུ་འཇོག་ཆོགདེར་བརྟེན་བོད་རང་གི་ཁྱད་ཆོས་ལྡན་པའི་རིགས་གཅིག་རྐང་འཛིན་གྱི་ཕྱོགས་ལ་འབད་པ་བྱེད་པའི་འདུ་ཤེས་ཆགས་རྒྱུ་ཤིན་ཏུ་གལ་ཆེ།
     ༣
     ང་ཚོའི་མི་རིགས་ཀྱི་སྤྱི་ཚོགས་འདིའང་གཞན་དང་འདྲ་བར་མཐུན་སྒྲིལ་གཞིར་བཞག་གི་འོག་ནས་འཕེལ་རྒྱས་ཅན་དང་སྔོན་ཐོན་ཅན་དུ་ཆགས་པར་བྱེད་རྒྱུ་ནི་མཐར་གྱི་དམིགས་ཡུལ་ཡིན།འོན་ཀྱང་འཕེལ་རྒྱས་དང་སྔོན་ཐོན་ཁོ་ནས་ཡོད་ཚད་འགྲུབ་སོང་བ་མ་ཡིན་ཏེ་ང་ཚོར་ཕན་བདེའི་འདུ་ཤེས་འགྱུར་བ་མེད་པ་ཞིག་ཆགས་པར་བྱེད་དགོས།དཔེར་ན་མི་དང་རང་བྱུང་ཁམས་བར།མི་དང་མིའི་བར་ལ་གཏན་གྱི་བདེ་བ་ཐོབ་པའི་མཐུན་འབྲེལ་གྱི་འདུ་ཤེས་དེ་ཅིས་ཀྱང་ཡོད་དགོས།ཞི་བདེ་དང་དཔལ་འབྱོར་དེང་གི་འཛམ་གླིང་འདིའི་དམིགས་གཞིར་གྱུར་བའི་སྐབས་ཐོག་འདིར།ང་ཚོས་ཕྱོགས་གཅིག་ནས་ཤེས་ཡོན་གྱིས་དཔལ་འབྱོར་སྐྲུན་པ་དང་།ཕྱོགས་གཞན་ཞིག་ནས་ཕན་བདེའི་འདུ་ཤེས་ལེགས་པོ་ཞིག་ཡོད་པར་བྱེད་རྒྱུ་ནི་མི་རིགས་འདི་སའི་གོ་ལའི་སྤྱི་གཙུག་ཏུ་བརྟན་པོར་ལངས་ཏེ་མིའི་རིགས་ལ་ཞི་བདེའི་དཔེ་སྟོན་བྱེད་ནུས་པའི་སྔོན་འགྲོའི་ཆ་རྐྱེན་དུ་འདོད།ཕན་བདེ་ཞེས་པ་ནི་མིའི་རིགས་ཀྱི་གཏན་འདུན་ལ་ཕན་པ་སྒྲུབ་པ་དང་དེས་ཡང་དག་པའི་བདེ་བ་འདྲེན་པ་ལ་གོ་དགོས་སྙམ།
     མིག་སྔར་རང་རྒྱལ་གྱིས་ཕན་བདེའི་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པ་བྱ་བའི་དམིགས་འབེན་དུ་བཟུང་ཡོད་ལ།ཕན་བདེ་མེད་པའི་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་མཐའ་མཇུག་གི་རྒྱལ་ཁ་ཐོབ་མི་སྲིད་ལ་བདེ་སྐྱིད་ཀྱི་འཚོ་བར་དེ་བས་རོལ་མི་ཐུབ།དེར་བརྟེན་ས་སྒང་གི་ཆེས་མཐོ་ས་ནས་ལྗང་མདོག་གི་ཟས་ལ་རོལ་ཞིང་དྭངས་གཙང་གི་མཁའ་དབུགས་འབྱིན་རྔུབ་བྱེད་བཞིན་པའི་མི་རིགས་འདིས་རང་གི་གནའ་བོའི་དཔལ་ཡོན་དང་འགྲོགས་ཏེ་མིའི་རིགས་ལ་ཕན་བདེ་ཡང་དག་གི་སྣེ་ཁྲིད་བྱེད་ཐུབ་པར་བྱ་རྒྱུ་ནི་འོས་འགན་ཞིག་ཏུ་མཐོང་།དེ་ལྟར་ཡིན་ཚེ་ང་ཚོའི་གྲུབ་མཐའ་གཉིས་པོས་དཔུང་པ་མཉམ་གཤིབ་དང་སྙིགས་དོར་བཅུད་ལེན་གྱིས་ཐུན་མོང་མ་ཡིན་པའི་བོད་རང་གི་ཤེས་ཡོན་པ་ཞིག་ཏུ་ཆགས་པར་འབད་པ་བྱ་སྟེ་ཐོག་མར་རང་གི་མི་རིགས་ལ་ཕན་བདེ་འབྱུང་བར་བྱེད་རྒྱུ་ནི་འཛམ་གླིང་ཕན་བདེའི་འབྱུང་ཁུངས་ཡིན།
     ༤
     མི་རིགས་འདིས་གཞན་ལ་ཡོད་པ་ཚང་མ་གསེར་དུ་མཐོང་ལ་རང་ལ་ཡོད་པ་ཐམས་ཅད་རྡོ་རུ་སྣང་།མི་རིགས་འདིས་ང་ཞེས་པ་སྲོག་ཤིང་དུ་འཇོག་པ་ལས་སྤྱིའི་འདུ་ཤེས་རིང་དུ་དོར།མི་རིགས་འདི་ཕྲག་དོག་དང་ནང་འཁྲུག་ལ་དགའ་བ་ལས་ཕན་བདེ་ལ་བློ་མིག་མི་འཁོར།དེར་བརྟེན་དུས་རབས་འདིའི་ཁྲོད་དུའང་ཤི་མ་གསོན་གྱིས་གཉིད་ལ་ཤོར་ཡོད་པས་སྦྲ་ས་གྲུ་བཞི་གཞན་ལ་ཤོར་ཞིང་གཡངདཀར་ལུག་ཁྱུ་ཕྱོགས་སུ་འཐོར་བས་ད་ནི་མཐུན་པའི་ལག་ཟུང་དམ་དུ་སྦྲེལ་ཏེ་གནའ་བོའི་དཔལ་ཡོན་རྒྱུད་འཛིན་དང་དེང་རབས་རིག་གནས་ནང་འདྲེན་གྱིས་གཞིས་ཁྱིམ་དྲོན་མོ་ཞིག་གི་པང་ཁུག་ནས་འཕེལ་རྒྱས་དང་ཕན་བདེ་ཟུང་འབྲེལ་གྱིས་སྐོར་བྲོ་འཁྲབ་པའི་དུས་ལ་སླེབས་ཡོད།
  • ལེ་ཚན་སྔོན་མ།:རྫ་རི་སྨུག་པོ་ཧྲིན་པོར་བསྐྱོད་པའི་ཟིན་ཐོ།
  • ལེ་ཚན་རྗེས་མ།:པཎ་ཆེན་རིན་པོ་ཆེའི་གསུང་བཤད།1