རྫ་རི་སྨུག་པོ་ཧྲིན་པོར་བསྐྱོད་པའི་ཟིན་ཐོ།

མཚོ་ལྷོ། སྟག་རིག་འབྲུག་ཐར་རྒྱལ་གྱིས།        2011-03-17


སྤྱི་ལོ༢༠༡༠ལོའི་དགུན་གནང་གི་ངལ་གསོའི་དུས་ཚོད་ནང་ཆེས་གླེང་རིན་ཡོད་པ་དང་ཆེས་དོན་སྙིང་ལྡན་པའི་དོན་དག་ཅིག་ཡོད་པ་ནི། གཟའ་སྐར་འཕྲོད་སྦྱོར་འགྲིག་པའི་བོད་ལོའི་ལོ་གསར་ཚེས༡༣ཉིན་སྡེ་བ་དང་ཁ་ཐག་ཅུང་རིང་བའི་རྫ་རི་སྨུག་པོ་ཧྲིན་པོ་ལ་ལྷ་བསང་གཏོང་བར་བསྐྱོད་པའི་དོན་དག་དེ་རེད།
     ལོ་གསར་ཚེས༡༢ཉིན་གྲོགས་པོ་ལྷ་བྱམས་དང་ངེད་གཉིས་ཀྱིས་ཕྱི་ཉིན་ཧྲིན་པོ་རྫ་མགོར་བསྐྱོད་པར་ཚང་དགོས་པའི་དར་ལྕོག་དང་རླུང་རྟ། བསང་རྫས། དུང་དཀར། ཤོག་སྦག ཆབ་སོགས་གྲ་སྒྲིག་གང་ལེགས་བྱས་ཏེ་ཆས་འགོ་བརྩམས།
     དགོང་མོའི་ནམ་གུང་དཀྱིལ་དུ་འབོད་བརྡའི་དུས་ཚོད་ཀྱིས་སྐར་ཆ་གང་ཡང་མ་ནོར་བར་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་འཇམ་སྙན་རོལ་དབྱངས་བསྟུད་མར་གྲགས་ཏེ་ང་རང་ཞིམ་པོ་རྨི་ལམ་གྱི་ཁོང་གསེང་ནས་ཧར་གྱིས་དཀྲོགས་པར་མྱུར་མོར་མལ་ལས་ལྡང་སྟེ་འཆར་གཞིའི་ལྟར་དུ་ལྷ་བྱམས་ཀྱི་འཕྲུལ་རྟའི་འཕོངས་ལ་བཞོན་ནས་འབའ་འབུར་ཁུག་ཀྱོག་མང་སའི་ལ་གིའི་ཐང་གི་བྱང་ལམ་རིང་མོ་འཕྲེད་ཀྱིས་བཅད་ཅིང་། མིག་མདུན་ན་དཀར་ཤགས་སེར་སྐྱ་ཐིག་འཐེན་པ་ལྟ་བུའི་ལམ་ཕྲན་དོག་མོ་དེ་བརྒྱུད་ནས་སོང་པར། གཅིག་ནས་ནམ་གསལ་མེད་པས་རྒྱང་རིང་གི་ཁ་ཕྱོགས་གསལ་པོར་མི་རིག་པ་དང་། གཉིས་ནས་གྲང་རླུང་གི་སྤུ་གྲིས་ངོ་གདོང་དུ་མཚམས་རེར་ལན་འགའ་བསྣུན་ཅིང་། མཚམས་རེར་རྩི་ཤིང་གི་ཤག་སྒྲ་སིར་སིར་དུ་གྲགས་སྟབས། སེམས་ལ་སྐྱི་གཡའ་བའི་སྣང་བ་ཨེན་ཙམ་སྟེར། ཆོས་ཚའི་བདེ་སྐྱིད་ཐང་ལ་མ་ཐོན་པའི་འདབས་དེ་རུ་མིང་ལ་ཟེགས་ཐུང་གདོང་ཞེས་པའི་རྡོ་ཟེགས་མ་མང་ཞིང་རལ་གྲི་སོ་གཉིས་མ་ལྟ་བུའི་ལ་གཟར་པོ་ཞིག་གི་མདུན་ལ་སླེབས་པ་ན། ངེད་གཉིས་འཕྲུལ་རྟས་ག་ལ་འདྲུད་ཐུབ། ཐ་ན་འཕྲུལ་རྟ་ཁོ་རང་ཡང་འགྲོ་དཀའ་བའི་རྐྱེན་གྱིས། གཅིག་གིས་འཕྲུལ་རྟ་སྐྱོར་ཏེ་སོང་། གཅིག་ཤོས་ཀྱིས་རྗེས་སུ་ཕུད་རྒྱག་བྱས་ནས་སོང་སོང་མཐར་ད་གཟོད་ཆོས་ཚའི་བདེ་སྐྱིད་ཐང་གི་ཁར་སླེབས་ཤིང་། ང་རང་ཆུང་དུས་ལོ་ན་བཅུ་གཉིས་ཡས་མས་སུ་ཨ་མས་ང་རང་ཁྲིད་དེ་བདེ་སྐྱིད་ཐང་དུ་ཨོང་བ་འཐུ་རུ་ཡོང་མྱོང་ཞིང་། དེ་དུས་ཐང་ཆེན་མོ་ཨ་ལུང་འདྲ་བ་དེ་ཁོད་སྙོམས་ལ་སྒོ་ཕྱུགས་རྟ་ནོར་ལུག་གསུམ་གང་དགར་བག་ཡངས་ངང་རམ་དཀར་རྩྭ་ལོངས་སུ་སྤྱོད་བཞིན་ཡོད་ནའང་། དུས་ད་ལྟ་དབུལ་ཐར་ཕྱུག་བསྒྱུར་གྱི་སྲིད་ཇུས་ལག་ལེན་དུ་བསྟར་བ་ནས། འབྲོག་པ་མང་ཚོགས་ཀྱིས་རྩྭ་ས་ལག་མཐིལ་ཙམ་ཡང་མ་བསྐྱུར་མ་ལུས་པར་ཐམས་ཅད་དུམ་བགོས་ཚོད་མ་གཏུབ་གཏུབ་བྱས་ནས་རྩྭ་ར་བསྐོར་བས་བདེ་སྐྱིད་ཐང་ཡང་དེ་ལས་མ་འདས།
     བདེ་སྐྱིད་ཐང་གི་རྩྭ་རའི་བར་མཚམས་སུ་ལག་སྐྱོར་ཆུད་ཙམ་གྱི་ལམ་ཕྲན་ཞིག་ཀྱ་ཀྱུ་ངང་འགྱིག་བྲིས་པ་བཞིན་ཡོད་ལ། ངེད་གཉིས་ཀྱང་འབའ་འབུར་ཁུག་སོ་མོད་པའི་ལམ་ཕྲན་དེད་ནས་མདུན་ཕྱོགས་སུ་སོང་མཐར། ཧྲིན་པོའི་རྫ་འདབས་ཀྱི་ཆོས་ཚའི་རུ་སྡེ་སྐོར་ཞིག་དང་འཕྲད། བཤད་སྲོལ་ལ་ཧྲིན་པོའི་རྫ་མགོར་ལྷ་བསང་གཏོང་དུ་འགྲོ་བའི་དད་ལྡན་སྐྱེ་བོ་སུ་ཞིག་གནས་དེ་ག་རུ་རྒྱུ་ཚེ། ཁྱིམ་ཚང་གང་གིས་ཀྱང་གང་ཞིམ་གྱི་ཟས་སྣས་མགྲོན་བསུ་བྱེད་ཅིང་། གང་འཇམ་གུས་ཞབས་ལྡན་པའི་བཟོ་ལྟ་སྣ་ཚོགས་སྟོན་རབས་བཤད། ངེད་གཉིས་ཀྱང་ཁྱིམ་ཚང་ཞིག་གི་སྒོ་ལམ་དུ་བརྒྱུད་མ་ཐག་ན་སོ་གཞོན་པའི་བུད་མེད་ཅིག་གིས་གདོང་ལ་བཅོས་མིན་གྱི་འཛུམ་ཆུང་ཞིག་ལངས་ནས་ནང་དུ་ཕེབས། སོས་དལ་མོས་ཇ་ཞིག་ཐུངས་ཞེས་འདྲིས་ཞེན་བརྩི་སྒོ་ལྡན་པའི་བསུ་བ་བྱས། ངེད་གཉིས་ཀྱིས་ཕྱིར་དྲིན་གཟོའི་བཀའ་དྲིན་ཡང་ཡང་ཞུས་ཏེ་དུས་ཚོད་ཀྱི་དགོས་དབང་གིས་མྱུར་དུ་བསྐྱོད་དགོས་པའི་འཆར་གཞི་བཏོན་སྟབས། རེ་ཞིག་བོད་ལྭ་གྲ་དག་གྱོ ན་པའི་བུད་མེད་དེས་ལམ་གང་དག་བརྒྱུད་དགོས་ཚུལ་དང་། རི་བོའི་ཕྱོགས་གང་ནས་གཟེག་ན་བགྲོད་བདེ་ཚུལ་བཅས་ཤོག་ངོར་བྲིས་པའི་རི་མོ་ལས་གསལ་ཐག་ཆོད་པའི་ལམ་སྟོན་ལེགས་པོ་ཞིག་བྱས་མཐར། ངེད་གཉིས་གཞི་ནས་རྒྱབ་ཁུག་ཁུར་ཏེ་སྤོབས་པ་བརྒྱར་འགྱུར་དང་ཡིད་ཆེས་རྨ་མེད་པ་ཞིག་གིས་ཁེངས་ནས་གཡང་གཟར་ཀྱག་ཀྱོག་མང་པའི་ལམ་ཕྲན་དེད་དེ་མུ་མཐུད་དུ་དབུ་རྩེའི་ཕྱོགས་སུ་བསྐྱོད་པ་ཡིན། རྒྱལ་ཁབ་དྲིན་ཆེན་པོའི་བཀའ་དྲིན་ལ་འབྲོག་ཁུལ་གྱི་རུ་སྡེ་སོ་སོར་གློག་ཁྲིད་པ་དང་རང་འབབ་ཆུ་ཁྱིམ་སོ་སོའི་སྒོ་དྲུང་དུ་དྲངས་པས། ངོ་མ་རྩྭ་ཆུ་འཛོམས་ཤིང་། ཕྱུགས་ལས་དར་ལ་ཕྱུག་འགྱུར་གྱི་ལམ་གསར་ལ་བགྲོད་པ་ལྟ་བུའི་མྱོང་སྣང་སྟེར།
     རིམ་བཞིན་ལམ་པས་ལམ་སྣ་བསྟན་པ་ལྟར་དུ་ཐང་ཁུགས་གཤོངས་ཤོག་སྐྱ་ལྟེབ་ལྟེབ་དང་། ལ་ལུང་རིང་པོ་གྲུ་གུ་སྒྲིལ་སྒྲིལ། ཁིས་ཉག་ག་སྒྲོག་གུ་རྟོལ་རྟོག་བཞིན་རྔུལ་ཆུ་དང་ལྷན་དུ་གོམ་པ་ཐུང་ལེན་དང་སྟོབས་ཤུགས་ཡོད་དགུ་བཏོན་ནས་བསྐྱོད་པ་ན། ནངས་སྔ་མོའི་འཁྱག་སིབ་སིབ་ཀྱི་བསིལ་རླུང་གི་རམ་འདེགས་འོག་ནས་མིང་མི་ཐོགས་པའི་སེར་ལམ་ལམ་གྱི་རྩྭ་ཕྲན་དག་གིས་དབུ་ལྕོག་ལྡེམ་ལྡེམ་སྒོས་ཕེབས་པར་དགའ་བསུ་བྱེད་པ་དང་འདྲ་ཞིང་། ཕྱོགས་མེད་འཕན་པའི་རྫ་ཁའི་ནོར་ཁྱུ་རེ་འགའ་ཡང་མ་བུ་ལྷན་འཛོམས་ངང་གང་དགའ་གང་སྐྱིད་ཀྱི་ཚིམ་མེད་རྩྭ་མཆོག་རོལ་བ་དང་། གཡང་དཀར་མ་མོས་ཀྱང་རང་གི་ཤ་ལས་ཆད་པའི་ལུ་གུ་སྙིང་རྗེ་བོ་གམ་དུ་ཁྲིད་ནས་ཁ་དལ་མེད་སྒོས་རྫ་རྩྭ་མངར་མོ་ལུག་ཁ་སེན་ཁ་འདྲ་བོས་ཟ་ཅི་ཐུབ་བྱེད། དེ་ནས་དམའ་རྒྱུ་མེད་ལ་མཐོ་རྒྱུའང་མེད་པའི་རི་བོ་ཞིག་གི་ཐོང་གར་སླེབས་མ་ཐག ཐོལ་བྱུང་མིག་མདུན་ནས་རྫ་དཀར་གོང་མོ་མ་བུ་འགའ་གཤོག་རྡེབ་དང་བཅས་མཐོན་པོའི་རྫ་ཁར་སྙེགས་ནས་མགྲིན་གླུ་བར་མེད་དུ་སྒྲོག་པ་ན། སེམས་སུ་རང་ཉིད་ཀྱང་རྩལ་ལྡན་གཤོག་ཐོགས་ཤིག་དང་འདྲ་བར་ཁོར་ཡུག་འདིའི་སྨན་སྣ་ཁྲི་ཕྲག་གིས་བརྒྱན་པའི་མེ་ཏོག་རྩི་ཤིང་གི་པང་བར་རང་དབང་ངང་འཚོ་སྡོད་བྱེད་ཐུབ་བྱུང་ན་ཅི་མ་རུང་སྙམ།
     སྤྱིར་ལོ་རབས༨༠སྨད་ནས་བཟུང་། མགོ་ནག་མིས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་བསམ་སྟེ། ས་རྐོ་རྡོ་སློག་དང་གཅན་གཟན་རི་དྭགས་སོགས་མདའ་གཞུའི་རྣོ་ཁ་དང་མེ་ཤུགས་ཀྱི་མདའ་ཁའི་བར་ནས་གང་འདོད་དུ་དམར་གསོད་བྱས་བྱས་པའི་མཐའ་མར། ད་ལྟའི་རི་དྭགས་གཅན་གཟན་གྱི་རྒྱུད་ཆད་ལ་ཉེ་བའི་དུས་སུ་སླེབས་ཤིང་། ལྷག་པར་དུ་ཕྱུགས་ཟོག་འཚོ་སྐྱོང་གི་གྲངས་ཚད་ལས་བརྒལ་བས། སའི་ཕྱི་ཤུན་ཡང་རྒས་འཁོགས་རྒན་པོ་ཞིག་གི་བྱད་བཞིན་དང་འདྲ་བར་ཡོད་ཚད་རྒས་ཉམས་ཐོན་པས་སའི་བཅུད་ཉམས་ཡོད་པ་རེད། གནའ་མིའི་བཤད་རྒྱུན་ལ་ཧྲིན་པོའི་དབུ་རྩེའི་གཡས་གཡོན་དུ་དགོ་བ། གནའ། ཝ། སྤྱང་ཀི དྲེད་མོང་། སྟག་གཟིག་སོགས་རིག་རྒྱུ་ཡོད་ཚུལ་བཤད་ནའང་། ཁ་དཔེ་ཡང་སྟག་འཁྱིལ་ས་ནགས་ཞེས་པ་ལྟར་སྔོན་ཆད་ཀྱི་སྔོན་མོ་རྩྭ་དང་གཡུ་ལོའི་ལྗོན་ཤིང་། ཚང་ཚིང་ནགས་ཚལ་གྱི་མཐོང་ལམ་བསྒྲིབས་ལ་ཉེ་བའི་གནས་ཁྱད་པར་ཅན་དེ་ད་ལྟའི་གྲག་མེད་འགུལ་མེད་དང་ཆད་མ་མཐུད་ཀྱི་སྤང་རྩྭ་ནགས་ལོ་མ་གཏོགས་གཞན་ཁྱད་པར་གྱི་མཐོང་ཆོས་ཧ་ཅང་ཉུང་ཉུང་རེད། ཡིན་ཡང་སྟེས་དབང་གིས་ངེད་གཉིས་དེའུ་འབུར་ཞིག་གི་མགོར་བུད་པའི་ཚེ། གནའ་སོ་བརྒྱད་ཙམ་ཡོད་པའི་གནའ་ཁྱུ་གཉིས་སྔ་གཞུག་ལ་རེ་རྐེད་དུ་བགྲོད་པ་མཐོང་མ་ཐག ངེད་གཉིས་ཀྱིས་རང་རང་གིས་གྲ་སྒྲིག་བྱས་པའི་བྲང་ངོར་དཔྱངས་པའི་པར་ཆས་བླངས་ནས་ཟུར་གང་རུང་ནས་པར་འགའ་བླངས་པའི་མོད། སྔ་མོ་ནས་ཁོ་ཚོའི་ཚོར་ཤེས་སྐྱེན་པའི་རྣ་དབང་གིས་ཐོས་ཏེ་རྣ་གཤོག་གཉིས་པོ་ཅོར་ཅོར་ཡར་བརྩེངས་ནས་བྱ་འཕུར་བ་ལྟར་མདུན་ཕྱོགས་སུ་མཆོངས་སོང་། སྐབས་ཐོག་དེར་ཡིད་ཀྱི་གཏིང་མཐའ་ནས་སྡིག་ལས་ལ་མོས་པའི་གཤེད་མ་རྔོན་པ་དག་གི་རྩུབ་སྤྱོད་ཀྱི་འབྲས་བུས་རི་དྭགས་གཅན་གཟན་རྣམས་ཚུལ་འདིར་ལྷུང་བ་ར་སྤྲོད་བྱེད་ཐུབ་པས་གློ་བུར་དུ་སེམས་སྨེང་ནས་མགྲིན་པའང་བརྣངས་སོང་བས་མ་ཚད། ཨ་སྔོན་མཐོངས་དབྱིངས་ནས་ཐང་དཀར་རྒོད་པོ་ཁེར་བགྲོད་ཅིག་གིས་ངེད་གཉིས་ཀྱི་མཁའ་དབྱིངས་སུ་ལྡིང་སྐོར་འགའ་རེ་བརྒྱབ་རྗེས་སྐད་སྙན་རེ་སྒྲོག་ཅིང་། སྐད་སྙན་རེ་སྒྲོག་རྗེས་འཕུར་ཚད་ཇེ་དམའ་རུ་བཏང་ནས་རང་དབང་གིས་སྐོར་བ་རྒྱག་སྲོལ་འདིས། ངེད་གཉིས་ལ་གཤོག་ཐོགས་བྱ་ཚོགས་ཀྱི་ཚབ་བྱས་ནས་རྫ་རི་སྨུག་པོ་ཧྲིན་པོར་ཕེབས་པར་བསུ་མ་བྱེད་པ་དང་ཀུན་ནས་མཚུངས་པས། དགའ་སྣང་གི་ཚོར་བ་སྨྲ་མི་ཤེས་པ་ཞིག་སྐྱེས།
     ཧྲིན་པོའི་རྫ་རྐེད་དུ་ཐོན་དུས་མིག་ཤེས་ཀྱི་གཟུང་བྱ་ལ་མཐོ་སྒང་གི་གྲང་ངར་གྱིས་བསྐྱངས་པའི་རབ་དཀར་ཁ་བ་དམ་དུམ་རེ་ཕྱོགས་མཚམས་སུ་ཡོད་པ་རིག་མ་ཐག ངེད་གཉིས་སྤྲོ་བས་བརྟས་ཏེ་ཁ་བའི་ཀློང་དུ་ཡར་མར་འགྲེ་ལྡོག་བརྒྱབ་ཅིང་། ཕན་ཚུན་ལ་གནས་གང་ཡག་ཏུ་ཟུར་གང་རུང་ནས་དྲན་རྟེན་འདྲ་པར་འགའ་བརྒྱབ་རྗེས་མུ་མཐུད་དུ་སྔོན་ལ་བསྐྱོད་དུས་ཉིན་གུང་ཆུ་ཚོད་གཅིག་ཙམ་ལ་སླེབས་ཤིང་། རི་རྩེར་བསྐྱོད་པའི་ནུས་པ་ཅུང་ཉམས་པ་དང་རྐང་པ་འཐེང་ནས་ལུས་ཕུང་ཧྲིལ་པོར་རྔུལ་ཆུས་བརྫིས་ཏེ་ལྭ་བ་བརླན་པར་བྱས་ལ། ཡིད་ངོར་སྐྱེ་བ་འདིར་ཐོན་ནས་ད་བར་དུ་འདི་འདྲའི་དཀའ་ཚེགས་ཤིག་མྱངས་མ་མྱོང་བའི་ཚོར་སྣང་ཡང་སྟེར་བའི་ཁར། ངེད་གཉིས་ཀའི་ངོ་མདངས་ཤོར་ནས་མདུན་དུ་གོམ་འགའ་བསྐྱོད་ཚེ་ངལ་རེ་གསོ་དགོས་ཤིང་དབུགས་ཧལ་ཧལ་སྒོས་གློ་སྙིང་མཆིན་མཚེར་ཡང་ཁ་ནང་ནས་ལྷུང་ལ་ཁད་བྱེད་པས། གློ་བུར་དུ་དབུགས་འཚང་ཞིང་མགོ་ཡུ་འཁོར་ལ་སྐྱུག་ལངས་པའི་རྣམ་པ་མངོན་པར་ཕལ་ཆེར་རྫ་དུག་བརྒྱབ་པ་འདྲ་ཞིང་། མྱུར་བར་གྲ་སྒྲིག་བྱས་པའི་རྒྱ་སྒོག་དང་དུ་བ་རྔུབ་འཐེན་བྱས་པ་ན། ཡུད་ཙམ་འགོར་རྗེས་ཅུང་བདེ་སྣང་ཤར་ཞིང་རྣམ་རིག་ཀྱང་རྒྱུན་ལྡན་དུ་གྱུར།
     དེ་ལས་ཀྱང་དཀའ་ཁག་ཆེ་བ་ཞིག་ལ་རྫ་རྐེད་དུ་ཐོན་དུས་ངོས་མི་འདྲ་བའི་ཟུར་གསུམ་ནར་གཟུགས་དབྱིབས་ཀྱི་གཡའ་མ་རྡོ་ལ་ཐུག་ཅིང་། སྔོན་ཆད་སུ་ཞིག་གིས་ཆེད་དུ་ངོས་འཇམ་ཞིང་ནར་མོའི་དབྱིབས་ཀྱི་གཡའ་རྡོ་འདི་དག་ཕྱོགས་གཅིག་ཏུ་བྱུར་བུར་གཏམས་ཤིང་ཁྱད་མཚར་བཟོ་བཀོད་ལྟ་ན་སྡུག་ཅིང་ཡ་མཚན་པ་ཞིག་མིག་གི་མཐོང་ལམ་དུ་མཛེས་པར་སྤུངས་པ་ཡིན་ནམ་ཞེས་རང་ཉིད་ཀྱིས་རང་ཉིད་ལ་དྲི་བ་སྣ་ཚོགས་འདོན་དགོས་ཚོད་འདུག ངོ་མཚར་བ་ཞིག་ལ་གནས་རི་དེར་ཞབས་ཀྱིས་བཅགས་མྱོང་བའི་དད་ལྡན་སྐྱེས་བུ་སུ་དང་གང་གིས་ཀྱང་ནར་མོ་གཡའ་ལེབ་རེ་རེ་རྗེས་དྲན་གྱི་ཚུལ་དུ་མཐོན་པོར་གྱེན་དུ་བསླངས་ནས་ཀེར་རེར་བཞག་པ་ནི་རྒྱང་རིང་ནས་བལྟས་ཚེ། ངོ་མ་གོ་ཁྲབ་ཀྱིས་བརྒྱན་པའི་རྫ་རི་ཧྲིན་པོའི་སྲུང་དམག་རེ་རེ་དང་ཧ་ཅང་མཐུན་སྟབས། ངེད་གཉིས་ཀྱང་དང་ཐོག་གནས་དེར་སླེབས་པའི་རྗེས་དྲན་གྱི་ཚུལ་དུ་གཡའ་རྡོ་ཆེ་ཞིང་གཟར་བ་ཞིག་མཐོན་པོར་བསླངས་ནས་ཐོ་འགོད་བྱས་རྗེས། མུ་མཐུད་དུ་ལམ་ཕྲན་མེད་པའི་གཟར་མོ་གྲིའི་དངོ་ཁ་དང་འདྲ་བའི་གཡའ་རྡོའི་གསེབ་ཏུ་རྐང་པ་ཟུང་དལ་གྱིས་སྤོས་ཤིང་། ངར་ཤུགས་བརྒྱ་འགྱུར་བསྐྱེད་དེ་མཉམ་འཇོག་སེམས་ཆུང་ངང་བགྲོད་པ་ཡིན། རྒྱུ་མཚན་ནི་གཡའ་རྡོ་རྣམས་ཕན་ཚུན་བསྣོལ་མར་སྤུངས་པས། ངོས་བདེ་མོའི་གནས་ལག་མཐིལ་ཙམ་ཡང་མེད་ཅིང་། ཡོད་ཚད་ཚང་ཚིང་འཁྲིགས་ཤིང་རྫུབ་སྟུག་པའི་ནགས་ཚལ་གྱི་ཀློང་ལྟར་བགྲོད་ཧ་ཅང་དཀའ་བའི་ཚུལ་ཡིན་སྟབས། མཚམས་ལན་རེར་གོག་མ་ནུར་གྱིས་བསྐྱོད་དགོས་པ་དང་ཡང་ལན་རེར་དུད་འགྲོ་སྡེར་ཐོགས་ཀྱི་ཚུལ་གྱིས་བགྲོད་དགོས་རྐྱེན། དཀའ་བ་རབ་དང་རིམ་པ་བརྒྱུད་ནས་མཐར་སྐྲོད་དགོས་པ་ཞིག་རེད།
     ཏག་ཏག་ཉིན་གུང་ཆུ་ཚོད་གཉིས་ལ་ཐོན་དུས་མཚོ་ངོས་ནས་སྨི་བཞི་སྟོང་ལྔ་བརྒྱ་ལྷག་ཡོད་པའི་ཧྲིན་པོའི་དབུ་རྩེར་སླེབས་པར་ཨ་སྔོན་དགུང་ལ་ཟུག་ཅིང་སྤྲིན་དཀར་པོས་མགུལ་དུ་དཀྲིས་ཤིང་བཙག་རླུང་བུ་བར་མེད་དུ་ལྡང་བས་ཁུར་ལ་ཉེ་བའི་ཚོར་སྣང་སྟེར་ཅིང་། ཡ་མཚར་འཇིགས་སྣང་གི་ཉམས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་འོང་། ཧྲིན་པོའི་དབུ་རྩེ་རུ་ཕག་ཟུང་གི་མཛུབ་ཆུང་རེ་རེ་བཞིན་དོ་མི་མཉམ་པར་གྱེན་དུ་བསྒྲེངས་པའི་དར་ཤིང་དག་ནི་གནས་འདིའི་གཉན་པོ་གནས་བདག་དག་དང་ཁྱོན་ནས་མཚུངས་ལ། དར་ཤིང་རེ་རེའི་ངོས་སུ་མེ་ཏོག་ཚོམ་བུ་བཞད་འདྲའི་ཚོན་མདོག་སྣ་ལྔའི་དར་ལྕོག་མང་པོ་ཤུགས་དྲག་པོའི་རླུང་གི་གཡོ་སྐྱོམ་དང་བསྟུན་ཤིག་ཤིག་ཏུ་ལྡང་བར་ང་ཚོ་སླེབས་པར་རྟེན་འབྲེལ་གྱི་ཚུལ་གྱིས་མཐེབ་མོ་དལ་མེད་དུ་རྡེབ་པ་དང་འདྲ་ཞིང་། དར་ལྕོག་ལ་ལ་ཕྱོགས་བཞིར་བརྐྱངས་པའི་དར་རྡང་གི་སྣེ་རུ་དགའ་འབོད་ཀྱི་ཡོ་ལང་རྫོགས་པའམ་དུས་ནམ་ཡང་ཆད་མེད་དུ་རང་ཉིད་ཀྱི་འགན་འཁྲིའི་ཆེད་དུ་ལྷབ་ལྷུབ་བསྐྱོད་བཞིན་འདུག ཉམས་དགའ་བའི་སྣང་ཚུལ་དེ་དག་མཐོང་མ་ཐག་གློ་བུར་དུ་སེམས་དགའ་ནས་གླུ་ཆུང་ཞིག་ལེན་འདོད་ཅིང་། ཡིད་སྤྲོ་ནས་རྐང་འཁྲབ་ལག་འཁྲབ་དང་བཅས་ཀི་རིང་མང་པོ་ཞིག་སྤེལ་མར་འདེབས་འདོད་ལ། ཕྱོགས་མཚམས་སོ་སོར་རྒྱང་ལྟར་ཡིད་ཚིམ་པ་ཞིག་བྱས་ཀྱང་མགུ་བཀང་རྒྱུ་མེད་པ་འདྲ།
     དེ་ནས་ངེད་གཉིས་ཨོང་བས་མེ་ཁ་གསོས་ཤིང་བསང་ཁྲིར་བསང་མེ་སྤར་ཏེ་ལྷ་བསང་གཏོང་རྒྱུར་གྲ་སྒྲིག་བྱས། ཧྲིན་པོའི་རྫ་རིའི་དབུ་རྩེ་རུ་རྡོ་བརྐོས་ཀྱི་མ་ཎི་ཡིག་དྲུག་བྱུར་བུར་སྤུངས་ཤིང་དཀྱིལ་དབུས་སུ་དར་ཤིང་ཧ་ཅང་སྦོམ་པོ་ཞིག་ལ་དར་ལྕོག་ཆེ་མ་ཆུང་གསུམ་སྣ་ཚོགས་པ་བཏགས་ཡོད་པར་བལྟས་ཚོད་ཀྱིས་རྒྱན་གོས་སྣ་ཚོགས་པས་ཡོངས་སུ་བཏུམས་ཏེ་མིག་དབང་ཅིག་ཅར་འཕྲོག་པའི་སྟག་ཤར་དུང་གི་སོ་སྒོ་ཅན་ཞིག་གི་ཆ་བྱད་དང་མཐུན།
     གཞི་ནས་ངེད་གཉིས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་འཁོར་བཅས་ལ་བསང་མཆོད་ཕུལ་ཏེ་སྐད་གསང་མཐོན་པོས་གསོལ་སྨོན་བཏོན་པ་ན། རང་ཉིད་ཀྱི་ཡིད་ངོར་ཡང་གཞི་བདག་སྣ་ཚོགས་གནས་འདིར་འདུས་ཡོད་སྙམ་པའི་ཚོར་ཤེས་སྐྱེས། མཚམས་རེར་ཀི་བསོ་བསོས་བར་སྣང་འགེངས་པར་བྱས་ཤིང་། ལན་རེར་དུང་དཀར་གྱི་སྒྲ་དབྱངས་སྙན་མོས་ཉེ་འཁོར་གྱི་གནས་བདག་ཡོངས་དང་རི་སྐྱེས་སྲོག་ཆགས་རྩི་ཤིང་མེ་ཏོག་རྣམས་ཀྱིས་ཉན་ན་སྤྲོ་བ་འཕེལ་བའི་རྣམ་པ་དང་འདྲ་བར་སྙན་ལྷང་ལྷང་དུ་གྲགས་པ་དང་། ཡང་རེ་འགར་ཤོག་སྦག་གི་བཀད་སྒྲས་མ་རུངས་དགྲ་ཇག་མཐའ་དག་བས་མཐར་བསྐྲད་པ་ལྟ་བུའི་ལྡིར་སྒྲ་གྲགས་པས་གནམ་སའང་འགུལ་བར་བྱེད།
     ངེད་གཉིས་ཡིད་སེམས་དྭངས་མོ་ཨ་སྔོན་ལྟ་བུའི་སྣང་ཚུལ་བཟུང་ནས་སྨོན་འདུན་དག་གཙང་མ་ལུས་ཕག་གསུམ་འཚལ་ནས་སྐྱབས་འཇུག་ཞུས་ཤིང་། བསྐོར་གསུམ་བརྒྱབ་ནས་ལེགས་འགྲུབ་འབྱུང་བར་དད་པས་གཡོས་ནས་པུས་མོ་ལྷ་ང་ས་ལ་བཙུགས་པ་དང་ཕག་ཟུང་དང་གར་སྦྱར་ནས་གཞི་བདག་གནས་བདག་ལ་རེ་བ་གཙང་འགྲུབ་ཡོང་བར་གུས་པ་ཡང་ཡང་མཛད། དུས་ཚོད་གཅིག་རིང་གི་བསང་གཏོར་སྐྱབས་འཇུག་བྱས་རྗེས་ཕྱིར་མིག་གིས་མི་ཟིན་པའི་འབའ་འབུར་རི་གཟར་མང་པོ་དང་ཀྱག་ཀྱོག་རི་སུལ་མང་པོ་བརྒྱུད་ཞོར་དགའ་སྤྲོ་འཕེལ་ནས་གླུ་དབྱངས་བླངས་ཤིང་སེམས་ཁམས་སྐྱིད་ནས་རྩེད་ཞོར་དགོད་ཞོར་དགའ་སྤྲོ་འཕེལ་ནས་གླུ་དབྱངས་བླངས་ཤིང་སེམས་ཁམས་སྐྱིད་ནས་རྩེད་ཞོར་དགོད་ཞོར་རི་འདབས་ཀྱི་ལུང་པའི་མདོ་དེད་ནས་རབ་དཀར་ཆབ་རོམ་གྱིས་མལ་གོས་ལྟར་བར་མཚམས་མེད་པར་དར་དཀར་བརྐྱངས་པའི་པང་བར་མཚམས་རེར་དར་ཤུད་སྟེག་ནས་བསྐྱོད་ཅིང་། ཡང་ལན་རེར་དར་ཐོག་ནས་རྡོ་རིལ་བཞིན་འགྲིལ་གྱིན་འགྲིལ་གྱིན་ཡུལ་ཕྱོགས་སུ་སྙེག་གོ །
  • ལེ་ཚན་སྔོན་མ།:སྤྲིན་ལ་བསྐུར་པའི་སྙིང་གཏམ །
  • ལེ་ཚན་རྗེས་མ།:འདུ་ཤེས།