པཎ་ཆེན་རིན་པོ་ཆེའི་གསུང་བཤད།1

        2011-03-24

འགོ་ཁྲིད་རྣམ་པ།བློ་མཐུན་རྣམ་པ།
དེ་རིང་ང་ཚོ་གཅན་ཚ་ས་ཁུལ་ལ་ཞིབ་རྟོག་རྒྱག་པར་ཡོང་བའི་སྐབས་ལ་འདི་གའི་འགོ་ཁྲིད་པ་དང་མང་ཚོགས་རྣམས་ཀྱིས་སྙིང་ཐག་པ་ནས་དགའ་བསུ་དང་སྣེ་ལེན་གཟབ་རྒྱས་གནང་བར།ངས་པེ་ཅིན་ནས་ཡོང་བའི་བློ་མཐུན་རྣམས་ཀྱི་ཚབ་བྱས་ནས་ཁྱོད་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ང་ཏང་ཀྲུང་དབྱང་གི་བཀའ་མངགས་ལྟར་ནུབ་ཕྱོགས་ས་ཁུལ་འགའ་ཞིག་ལ་ཞིབ་རྟོག་རྒྱག་པར་ཡོང་ནས་ས་གནས་འདི་དག་ཇུས།དེ་མིན་གྱི་འབྲེལ་ཡོད་སྲིད་ཇུས་མཐའ་དག་ལག་ལེན་བསྟར་བའི་གནས་ཚུལ་ལ་ཞིབ་འཇུག་རྒྱག་རྒྱུ་ཡིན།ཀྲུང་དབྱང་གི་གཙོ་འཛིན་རྣམ་པ་ཡིས་ནུབ་ཕྱོགས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་ཧ་ཅང་ཐུགས་ཁུར་ཆེན་པོ་གནང་གི་ཡོད་པར་མ་ཟད།ནུབ་ཕྱོགས་ས་ཁུལ་གྱི་མི་རིགས་ས་ཁུལ་གྱི་དེང་རབས་ཅན་བཞིའི་འཛུགས་སྐྲུན་གྱི་སྐོར་ལ་ཧ་ཅང་བརྩི་མཐོང་ཆེན་པོ་གནང་གིན་ཡོད་ལ།མི་དམངས་རྣམས་ལ་ཡང་སྙིང་ཉེ་བའི་འཚམས་འདྲི་གནང་གི་ཡོད།མི་བཞི་ཚོགས་ཁག་གཏོར་བའི་རྗེས་དང་།ལྷག་པར་དུ་ཏང་གི་གྲོས་ཚོགས་ཐེངས་གསུམ་པ་དང་ལྔ་བའི་རྗེས་སུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས།ལས་བྱེད་པའི་སྲིད་ཇུས།འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ལ་སོགས་པ་རྣམས་རིམ་གྱིས་བསྐྱར་གསོ་དང་འབྲེལ།སྒོ་ཀུན་ནས་དོན་འཁྱོལ་བྱ་རྒྱུ་བྱས་ཡོད་པ་རེད།དེའི་རྐྱེན་གྱིས་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་ལྷག་པར་དུ་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་དེ་མཚོ་སྔོན་ས་ཁུལ་ལ་ཡང་བསྐྱར་དུ་འཕྲོས་ནས།མཚོ་སྔོན་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་གནས་ཚུལ་ལ་འགྱུར་ལྡོག་དང་ཡར་རྒྱས་ཧ་ཅང་ཆེན་པོ་འབྱུང་རྒྱུ་ཡི་མགོ་ཚུགས་ནི་རེད།མི་དམངས་ཚང་མ་ཡང་སྙིང་ཐག་པ་ནས་དེའི་སྐོར་ལ་དགའ་བོ་ཡོད་པ་རེད།ང་ཡིན་ན་ཡང་གནས་ཚུལ་དེ་འདྲ་ཞིག་གི་འོག་ཡང་བསྐྱར་ལོ་བཅོ་བརྒྱད་རིང་ཡོང་མ་ཐུབ་པའི་རང་གི་ཕ་ཡུལ་མཚོ་སྔོན་ལ་ཞིབ་རྟོག་རྒྱག་པར་ཡོང་ཐུབ་པར་མ་ཟད།འདི་ག་ཡི་སྤུན་ཟླ་ཁག་གི་མི་རིགས་རྣམས་ལ་སླར་ཡང་ཐུག་ཐུབ་པ་བྱུང་བ་འདི་ང་ཧ་ཅང་དགའ་བ་ཡིན།མཚོ་སྔོན་ས་ཁུལ་ལ་མཚོན་ན།བཅིངས་འགྲོལ་བྱས་པ་ནས་བཟུང་སྟེ་ང་བརྒྱད་ལོའི་བར་དུ་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་རེད།མི་རིགས་ཀྱི་འབྲེལ་བ་ཡིན་ན་ཡང་ཇེ་བཟང་ཇེ་ཡག་ཏུ་སོང་ནས་མིང་དང་དོན་མཚུངས་པ་ཡི་འབྲེལ་བ་ཞིག་ཆགས་ནས།སྔར་ལོ་རྒྱུས་ཐོག་མི་རིགས་ཕན་ཚུན་གཅིག་གཅིག་ལ་ཡིད་མི་ཆེས་པ་དང་གཅིག་གཅིག་ལ་མི་དགའ་བ།གཅིག་གཅིག་ལ་བར་ཐག་ཡོད་པ་དེ་རིམ་གྱིས་སེལ་ནས་མི་རིགས་ཚང་མ་མཐུན་སྒྲིལ་དང་མཉམ་གནས།ཐུན་མོང་ནས་ཡར་རྒྱས་སུ་འགྲོ་བའི་བསྐལ་པ་དེ་འདྲ་ཞིག་བྱུང་བ་རེད།དེང་སང་གི་དུས་སྐབས་འདི་ནི་གསེར་ལྟ་བུའི་དུས་ཚོད་ཅིག་རེད།དེ་ང་ཚོ་མི་ཚང་མས་སེམས་ལ་དྲན་བཞིན་ཡོད།ང་བརྒྱད་ལོ་ནས་བཟུང་སྟེ་ང་ཚོའི་སྤྱི་ཡི་ལམ་ཕྱོགས་དེ་གཡོན་དུ་རིམ་གྱིས་ལྷུང་ནས་གཡོན་ལྷུང་གི་སྲིད་ཇུས་ཀྱི་མཛུབ་ཁྲིད་འོག་ཏུ།མཚོ་སྔོན་ས་ཁུལ་གྱི་བྱ་བ་མཐའ་དག་གཡོན་དུ་རིམ་གྱིས་ལྷུང་བ་རེད།སྤྱིར་ན་མཚོ་སྔོན་ས་ཁུལ་ལ་དམངས་གཙོ་བཅོས་བསྒྱུར་བཏང་བ་དང་དགོན་པ་སོགས་ཡིན་ན་ཡང་ཆོས་ལུགས་བཅོས་བསྒྱུར་བཏང་བ་དེ་ཡང་དག་པ་རེད།བཅོས་བསྒྱུར་ངེས་པར་དུ་གཏོང་དགོས་པ་རེད།དགོན་པའི་ཆོས་ལུགས་ཀྱི་ནང་ན་ཡང་བཀས་བཀོད་རྒྱུད་འཛིན་གྱི་མི་སེར་དབང་སྒྱུར།བཤུ་གཞོག་གི་ལམ་ལུགས།གཉའ་གནོན་གྱི་ལམ་ལུགས་ལ་སོགས་པས་ཤན་ཞུགས་པ་དེ་དག་ཚང་མ་ངེས་པར་དུ་སྒྱུར་བཀོད་གཏོང་དགོས་པ་རེད།དེ་དག་ནི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་གཏོར་བརླག་ཡོད་པ་དང་གནོད་པར་མ་ཟད།ཆོས་ལུགས་རང་གི་དགོངས་དོན་ལ་ཡང་མི་མཐུན་པ་ཞིག་ཡིན་པས།དེ་དག་ངེས་པར་དུ་བསྒྱུར་དགོས་པ་རེད།ཡིན་ན་ཡང་བཅོས་སྒྱུར་གྱི་སྐབས་ལ་ཆོས་ལུགས་ངོ་མ་དེ་ལ་སྲུང་སྐྱོབ་བྱེད་དགོས་པ་དང་མང་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལ་འགན་སྲུང་བྱེད་དགོས་པ་རེད།བློ་ཕངས་པ་ལ་ལག་ལེན་དངོས་སུ་བསྟར་བའི་སྐབས་ལ་ཆོས་ཀྱི་ནང་གི་སྒྱུར་བཀོད་གཏོང་རྒྱུ་དང་ཆོས་ལུགས་ངོ་མ་གཉིས་བསྲེས་ནས་ཚང་མ་ལ་ངོ་རྒོལ་བྱས་འདུག ཆོས་ལུགས་མེད་པར་བཟོས་པ་རེད།མང་ཚོགས་ལ་ཆོས་སྒྲུབ་པའི་རང་དབང་མེད་པ་རེད།ཆོས་དད་རང་མོས་ཟེར་བ་མ་གཏོགས།དོན་ལ་ཆོས་སྒྲུབ་ཆོག་པ་མ་རེད།དགོན་པ་ཕལ་ཆེར་བཤིགས་ཟིན་པ་རེད།ཧོས་རིགས་ཀྱི་ལྷ་ཁང་ཕལ་ཆེར་བཤིགས།འགའ་ཞིག་སྒོ་བརྒྱབ།ཆོས་ལུགས་གང་ཡིན་ན་ཡང་ཕལ་ཆེར་མེད་པར་བྱས་ཟིན་པ་རེད།དེ་མ་འགྲིག་པ་རེད།ངོ་ལོག་ཟིང་འཁྲུག་གི་ཐད་དུ་ཡིན་ན།ངོ་ལོག་ཟིང་འཁྲུག་ལངས་སའི་ས་ཆ་ཡོད་པ་རེད།དེ་ལ་ངེས་པར་དུ་དྲག་གནོན་གཏོང་དགོས་པ་རེད།ཟིང་འཁྲུག་དེ་ཞི་འཇགས་གཏོང་དགོས་པ་རེད།དེ་ནི་དོགས་པ་མེད་པ་ཞིག་དང་།དེ་ངེས་པར་དུ་ཡང་དེ་འདྲ་བྱས་ནས་བསྒྲུབ་དགོས་པ་ཞིག་རེད།ཡིན་ན་ཡང་དོན་དག་བྱུང་བ་ལ།ཟིང་འཁྲུག་མ་ལངས་པའི་ས་ཁུལ་མང་བོ་ལ་ཡང་ཟིང་འཁྲུག་སྔོན་འགོག་ཡིན་ཟེར་ནས་མི་མང་བོ་བཟུང་སྟེ་བཙོན་ལ་མང་བོ་བཅུག དེ་དག་ལ་ཟ་མ་ལ་སོགས་ཀྱི་ཐོག་ནས་དཀའ་ངལ་བྱུང་ནས་མི་མང་བོ་ཤི་སོང་བ་རེད།ན་ཚ་བྱུང་ནས་ཤི་སོང་བ་རེད།མི་ལ་ཉེས་པ་མེད་ཀྱང་སྲོག་ཐོག་གི་ཉེས་པ་བཏང་བ་ལ་སོགས་ཆག་སྒོ་མྱ་ངན་མང་བོ་བྱུང་བ་རེད། དེ་ནི་ཟིང་འཁྲུག་ཚབས་ཆེན་གྱིས་རྒྱ་བསྐྱེད་ཟེར་བ་དེ་རེད།ཟིང་འཁྲུག་ཞི་འཇགས་པའི་རྒྱ་བསྐྱེད་ཚབས་ཆེན་ཞིག་བྱུང་བ་རེད།དེ་མ་འགྲིག་པ་ཞིག་རེད།དེ་འཆུགས་སོང་བ་རེད།དེ་ནོར་འཁྲུག་རེད།དེའི་རྗེས་ལོ་གསུམ་གྱི་རིང་ལ།ང་ཚོའི་རྒྱལ་ཁབ་ལ་འཚོ་བའི་ཐོག་དཀའ་ངལ་བྱུང་བ་རེད།མཚོ་སྔོན་ས་ཁུལ་ལ་ཡང་འཚོ་བའི་དཀའ་ངལ་བྱུང་ནས་མི་མང་བོ་ལྟོགས་ནས་ཤི་སོང་བ་རེད།དེའི་རྐྱེན་གྱིས་ང་བརྒྱད་ལོ་ནས་རེ་གཉིས་ལོ་ལ་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་མགོ་ལ་དོན་དག་དང་སྡུག་བསྔལ།ཆག་སྒོ་དང་མྱ་ངན་མང་བོ་ཞིག་བྱུང་བ་རེད།དེ་ཚང་མ་མ་འགྲིག་པ་རེད།རེ་གཉིས་ལོ་ནས་བཟུང་སྟེ་ཏང་གི་སྲིད་ཇུས་བཟང་བོ་ཡང་ཅུང་ཙམ་ཚུར་ལ་གསོས་ནི་རེད།མཚོ་སྔོན་གྱི་གནས་ཚུལ་ཚང་མ་ཇེ་དགའ་རུ་སོང་བ་རེད།མི་དམངས་ཚང་མ་ཧ་ཅང་དགའ་བ་རེད།ཏང་གི་སྲིད་ཇུས་བཟང་བོ་སླར་ཡང་ཐོན་བྱུང་ཟེར་ནས་ཚང་མ་དགའ་བཞིན་ཡོད་པ་རེད།ཡིན་ནའང་བཀྲ་མི་ཤིས་རྒྱུ་ལ་དེ་ལ་ཡང་ཡུན་རིང་བོ་ཞིག་མ་སོང་བ་རེད།རེ་གཉིས།རེ་གསུམ།རེ་བཞི་ལོ་ནས་བཟུང་ཡང་དལ་མོ་བྱས་ནས་འགྱུར་སོང་བ་རེད།དེའི་རྗེས་གཙང་མ་བཞིའི་ལས་འགུལ་ལངས་པ་རེད།དེའི་རྗེས་རེ་དྲུག་ལོ་ནས་བཟུང་སྟེ་རིག་གནས་གསར་བརྗེ་ཆེན་པོའི་ཚུན་ཆད་ལ་མི་རིགས་ཚང་མའི་མགོ་ལ་དོན་དག་མང་བོ་བྱུང་།དོན་དག་དེ་ང་ཚོ་གྲངས་ཉུང་མི་རིགས་གཅིག་པོ་མ་རེད།རྒྱ་རིགས་ལའང་ལོ་རྒྱུས་ཐོག་སྔར་གྲགས་མ་མྱོང་བའི་ཆག་སྒོ་དང་མྱ་ངན་བྱུང་།དེ་ཡི་མིང་ལ་ལོ་རྒྱུས་ཀྱི་ཆག་སྒོ་ཞེས་བཤད་ཀིན་ཡོད།དེའི་རྗེས་མི་བཞི་ཚོགས་ཁག་གཏོར་རྗེས་ང་ཚོའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་གནས་ཚུལ་ཚང་མ་ཇེ་དགའ་རུ་སོང་བ་རེད།དེང་སང་ཞའོ་ཕིན་ལ་སོགས་པའི་བློ་མཐུན་ཚོས་ཚབ་བྱས་པའི་ཏང་ཀྲུང་དབྱང་ཟེར་བ་ཧ་ཅང་བཟང་བོ་ཞིག་རེད།ཁོ་ཚོས་མི་དམངས་ཀྱི་དོན་ལ་སེམས་ཁུར་གནང་གི་ཡོད་པ་རེད།མི་དམངས་ཚང་མའི་དོན་དག་ནམ་ཡིན་ཡང་ཐུགས་ལ་དགོངས་ཀྱིན་ཡོད།ཁོ་ཚོའི་བསམ་པ་དང་ང་ཚོ་མི་རིགས་ཁག་གི་མི་དམངས་དུང་ཕྱུར་བཅུ་ཐམ་པ་ཡི་བསམ་པ་ལྷན་ཅིག་ཏུ་འབྲེལ་ཡོད་པ་རེད།ཁོང་ཚོས་གཏན་ལ་ཕབ་པའི་བྱེད་ཕྱོགས་ལམ་ཕྱོགས་སྲིད་ཇུས་མཐའ་དག་ཀྲུང་གོ་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་།དེའི་ནང་དུ་ང་ཚོ་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་དང་ཡང་མཐུན་པ་རེད།དེའི་རྐྱེན་གྱིས་ངའི་རེ་བ་ལ་ཁྱོད་ཚོས་དེང་སང་གི་ཏང་ཀྲུང་དབྱང་ལ་ཡིད་ཆེས་དང་དགའ་ཞེན་བྱེད་དགོས་པ་རེད།ཏང་གི་མི་རིགས་སྲིད་ཇུས་ལ་མཚོན་ན།སྔོན་ཆད་ང་བརྒྱད་ལོ་ནས་བཟུང་སྟེ་མི་རིགས་རང་སྐྱོང་དེ་མིང་ལ་རང་སྐྱོང་ཟེར་བ་མ་གཏོགས།དོན་ལ་རང་སྐྱོང་ཡོད་པ་མ་རེད།མིང་ཙམ་རེད།མི་རིགས་ཀྱི་དོན་དག་ཚང་མ་སྐད་ཡིག་རེད།མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུ་རེད།མི་རིགས་ཁེ་དབང་རེད།
  • ལེ་ཚན་སྔོན་མ།:འདུ་ཤེས།
  • ལེ་ཚན་རྗེས་མ།:པཎ་ཆེན་རིན་པོ་ཆེའི་གསུང་བཤད།2