མེ་ཏོག་གངས་ལྷ།
(ཁྲི་སྲོང་རྒྱལ་གྱིས།) 2011-03-03
ཁྱེད་རང་རི་ཚོགས་ཀྱི་མཛུབ་རྩེར་འཛེགས་ནས་དཀའ་སྡུག་གི་གྲང་ལྷགས་ངར་མ་སེམས་ལ་འཐུས། ཁྱེད་ཀྱིས་བཪྙས་སྨོད་ཀྱི་གངས་ཀློང་བརྒལ་ནས་འཕ་སྨོད་ཀྱི་རླུང་འཚུབ་འཁྱིལ་མ་འཛུམ་གྱིས་བསུས། ཁྱེད་ནི་མཐོ་སྒང་གི་དཔལ་དུ་འཚེར་བའི་མེ་ཏོག་གངས་ལྷ་སྟེ། དབུལ་ཕོངས་ཀྱི་ཁ་བས་ཡིད་འོང་གི་ལང་ཚོར་རྒོལ་ཅིང་། རྨོངས་འཐོམ་གྱི་བསེར་བུས་ཉམ་ཆུང་གི་འདབ་མར་གཙེས་ནའང་། ཁྱེད་ལ་ཡི་ཆད་ཀྱི་གདུང་བ་མེད་ཅིང་སྡུག་བསྔལ་གྱི་སྨྲེ་ངག་དེ་བས་མི་འབྱིན། ཁྱེད་ཀྱིས་ནམ་ཡང་སྙིང་སྟོབས་དང་ཡིད་ཆེས་ཁོག་ལ་སྦས་ནས་ཉམ་ཐག་གི་རང་ལུས་ཕྲ་མོས་མཐོ་སྒང་ལ་མཛེས་དཔལ་བསྐྲུན།
ཁྱེད་ལ་གཞན་ལྟར་ཐོབ་གོ་སར་བསྙེག་པའི་འདུན་པ་དང་། ཚོང་ཁེ་སྤོག་བྲིན་པའི་འདོད་པ། ཕྱི་ཆ་རྐྱེན་འཛོམས་པའི་ཁོར་ཡུག སྐྱིད་ལོངས་སྤྱོད་རེག་པའི་ཀུན་སློང་སོགས་མེད་པ་ག་ལ་སྲིད། ཡིན་ནའང་། ཁྱེད་ཀྱིས་རྨིག་རྗེས་ཀྱི་མཐའ་ལ་སིམ་པའི་མི་རིགས་ཤིག་གི་འཚོ་བའི་ཡང་སྙིང་དྲན་ཞིང་། ཁ་བ་གདན་དུ་བཏིང་ལ་གྲང་ལྷགས་གོས་སུ་གྱོ ན་པའི་མི་རབས་ཤིག་གི་དངོས་ཡོད་གནས་བབ་བསམས་ནས་ཞེན་ཆགས་རྫོགས་མེད་ཀྱི་མཇུག་བྱང་བསྐྱངས་ཤིང་། འདོད་འདུན་གྲངས་མེད་ཀྱི་རོ་མངར་བསྐྱུར་ཏེ་ཕྱི་མིག་གི་ཤུགས་བསྟན་རེ་རེ་སླར་ཡང་སྦྲ་ནག་གི་ཐུ་འོག་ཏུ་ཁྱེར་འོང་།
ཁྱེད་རང་འགྲིམ་འགྲུལ་གྱི་འབྲེལ་ཐག་ཆད་ཅིང་ཡར་རྒྱས་ཀྱི་དཔུང་རྩ་གཉོམ་པའི་སྐྱ་ཐིང་ཐིང་གི་ཁོར་ཡུག་ཏུ་ཐོན་དུས། གཉིད་དུ་ཡུར་བའི་གྲོང་གི་སློབ་གྲྭ་དེ་ཞིག་རལ་དུ་གྱུར་ཡོད་ཅིང་། ཐལ་རྡུལ་དང་རྡུལ་འཚུབ་ལང་ལོང་གི་ཁྲོད་ན་སློབ་ཕྲུག་རེ་འགའ་ལས་མེད་ནའང་ཁྱེད་ལ་ཡི་ཆད་པའི་སྣང་བ་ཅི་ཡང་མ་བྱུང་། ཁྱེད་ཀྱིས་དེ་རིང་གི་ཉི་མར་འོད་སྣང་མེད་ཀྱང་སང་ཉིན་གྱི་ཉི་མ་དེ་ལྟ་མིན་པར་ཡིད་ཆེས་ཏེ། སྙིང་དུ་སྡུག་པའི་བྱིས་པ་དེ་ཚོ་ཤེས་རིག་དང་བྱམས་བརྩེས་སྐྱོང་བཞིན་ངལ་གསོ་དང་ཁོམ་སྐབས་ཀྱི་དུས་ཚོད་བེད་སྤྱད་དེ་རྒྱང་རིང་གི་འབྲོག་ཁྱིམ་རེ་རེར་སློབ་གསོ་གཏོང་བར་ཆས། འདི་ལྟར་ཁྱེད་ཀྱིས་བསྐྱར་ཟློས་གྲངས་མེད་ཀྱི་ལོ་ཟླའི་བརྒྱུད་རིམ་ཁྲོད་ནས་སོས་དལ་བག་ཕེབས་ཀྱི་རྨི་ལམ་རྨི་པའི་ཁོམ་སྐབས་ཤིག་ནམ་ཡང་མྱངས་མ་མྱོང་། ཁྱེད་ཀྱིས་ནམ་ཡང་དགུན་གསུམ་གྱི་འཁྱག་རླུང་དང་། དབྱར་གསུམ་གྱི་དྲག་ཆར། བཟོད་མེད་ཀྱི་དཀའ་ཚེགས་སོགས་ཟས་གོས་སུ་བསྟེན་ནས་ཡོད་ཚད་མི་རིགས་སློབ་གསོའི་འཐབ་ཕྱོགས་སུ་ཕུལ་ཅིང་། ཡོད་ཚད་མི་རིགས་སློབ་གསོའི་ལས་དོན་དུ་བསྟིམས་པས། སྔོན་ཆད་ཀྱི་སློབ་མ་བཅུ་ཕྲག་རེ་གཉིས་དེ་ད་ལྟ་བརྒྱ་ཕྲག་ཁ་ཤས་སུ་འཕེལ་ཞིང་། སྔོན་ཆད་སློབ་མ་སློབ་གྲྭར་ཡོང་མི་འདོད་པ་དང་། བུ་མོ་སློབ་གྲྭར་མི་སྐྱེལ་བའི་སྲོལ་ངན་དེའང་ད་ནི་རྩ་བ་ནས་བསྒྱུར་ཐུབ་འདུག
ལོ་ངོ་ཅི་ཙམ་འགོར་བ་མི་ཤེས་མོད། ད་ནི་གནག་སྣུམ་གྱི་སྐྲ་ལོའི་གསེབ་ཏུ་དུང་མདོག་གི་ཁ་བ་བབས་ཤིང་། ཞལ་རས་ཉ་གང་གི་ཟླ་བའི་ངོས་སུ་གཉེར་རིས་ཀྱི་ཆུ་སྤྲིན་འཁྱུད་འདུག ཁྱེད་རང་སྐྱ་ཐིང་ཐིང་གི་ཁོར་ཡུག་དང་འབྲོག་པ་མང་ཚོགས། ད་དུང་སློབ་ཕྲུག་རེ་རེ་བཅས་ལ་སྙིང་ནས་འདྲིས་ཤིང་བྲལ་མི་འདོད་པའི་བརྩེ་དུང་ཟབ་མོ་ཆགས་ལ། ལྷག་པར་དུ་རྣམ་རིག་གསལ་ཞིང་གྲུང་ཤ་དོད་པའི་སློབ་ཕྲུག་རེ་རེ་མཐོང་དུས། ཁྱེད་ཀྱིས་མི་རིགས་དང་མེས་རྒྱལ་གྱི་མ་འོངས་པ་དྲན་ཞིང་ཡིད་ལ་བརྗོད་དཀའ་བའི་དགའ་བདེས་ཁྱབ་ལ་གདོང་ལ་བཀྲ་ཤིས་པའི་འཛུམ་མདངས་མངོན་འདུག ཡིན་ཏེ། མིག་ཟུང་ཟུམ་ཟུམ་དང་སྨྲ་སྒོ་མུག་མུག་གིས་མ་གྱུར་སེམས་ཅན་ཞེས་བརྗོད་མཁན་མང་ནའང་། ཁྱེད་རང་ལྟར་རང་དོན་རྒྱབ་ཏུ་བསྐྱུར་ནས་ཡོད་ཚད་གཞན་དོན་དུ་ཕུལ་མཁན་ནི་རེ་གཉིས་ཙམ་མོ། །
དགེ་རྒན་ལགས། མཐོ་སྒང་གི་མེ་ཏོག་གངས་ལྷ། མིག་སྔར་ཁྱེད་ཀྱི་མཐའ་འཁོར་དུ་གདུག་རྩུབ་ཀྱི་ཁ་བ་ལྷབ་ལྷུབ་ཏུ་འབབ་ཅིང་བཪྙས་སྨོད་ཀྱི་གྲང་རླུང་འུར་འུར་དུ་ལྡང་སྟེ། ཁྱེད་ཀྱི་གཞན་ཕན་གྱི་ལྷག་བསམ་དང་ཟླ་མེད་ཀྱི་མཛད་བཟང་སོགས་མ་ཤེས་པར་ཁྱེད་ལ་ལྟ་ཚུལ་མང་ཞིང་མཐོང་ཆུང་བྱེད་ན་ཡང་། མི་རིང་བར་ཁྱེད་ཀྱི་མཐའ་འཁོར་ཧྲིལ་བོར་བདེ་སྐྱིད་དང་ཡར་རྒྱས་ཀྱི་དཔྱིད་དཔལ་སླེབས་ཏེ་ལྗང་མདོག་གི་ཚེ་སྲོག་སྦྲུམ་ཞིང་། སྤྲོ་སྐྱིད་ཀྱི་གཟི་འོད་འཕྲོ་ངེས་ཡིན།